དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀོ་ཧྲན་རིགས།

2022-12-29 15:25:07   |   302

ཀོ་ཧྲན་རིགས(高山族)ནི་གཙོ་བོ་ཐེ་ཝན་ཞིང་ཆེན་ཏེ་ཐེ་ཝན་གླིང་ཕྲན་གྱི་རི་ཁུལ་དང་ཤར་རྒྱུད་མཚོ་འགྲམ་གྱི་ལུང་ཤུར་བདེ་ཐང་བཅས་སུ་འདུས་སྡོད་བྱས་ཡོད་ཅིང་། ཁྱོན་སྡོམ་མི་གྲངས4000ལྷག་ཡོད། ཡི་གེ་མེད་ཅིང་ས་ཆ་དང་སྐད་ཆ་མི་མཐུན་པའི་ཆ་ནས་མི་རིགས་ནང་ཁུལ་དུའང་རིགས་མང་བོར་བགར་ཡོད་མོད། རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས་མེས་རྒྱལ་མི་དམངས་ཀྱིས་ཁྱབ་གདལ་དུ་ཐེ་ཝན་གྱི་གྲངས་ཉུང་མི་རིགས་ཡོངས་ལ་ཀོ་ཧྲན་་རིགས་ཞེས་འབོད། མི་རིགས་འདིའི་སྐྱེས་པ་ཚོས་སྤྱིར་བཏང་དུ་རས་དང་ཡང་ན་སེང་རས་ཀྱི་སྟོད་ཐུང་དང་ཁན་སྦྱར། རྐང་ཐུང་སོགས་གོན། ས་ཆ་ལ་ལར་ལྕང་མའི་ཤུན་པས་བཟོས་པའི་ཁན་སྦྱར་གོན། སྐྱེས་པ་ཚོས་ཕུ་ཐང་ཡོད་མེད་ཀྱི་སྟོད་ཐུང་དང་པང་ཁེབས། སྨད་གཡོགས་སོགས་གྱོན། གོང་ཁ་དང་ཕུར་ཁ། མགོ་དཀྲིས། པང་ཁེབས་བཅས་ཀྱི་སྟེང་དུ་མཚར་ལྡན་རི་མོ་གཙགས་ཡོད་ཅིང་། ཉ་ལྕིབས་དང་རི་དྭགས་ཀྱི་རུས་པ་སོགས་བརྡར་ནས་རྒྱན་ཆ་བྱས་ཏེ་བཏགས་ཡོད། 

ཀོ་ཧྲན་་རིགས་ཀྱི་རྩོམ་རིག་ནི་གཙོ་བོ་ངག་ཐོག་གི་རྩོམ་རིག་ཡིན་ལ། དེར་དམངས་གླུ་དང་ལྷ་སྒྲུང་། ངག་རྒྱུན་སོགས་ཡོད། ལྷ་སྒྲུང་ལ《ཀོ་ཧྲན་་རིགས་དང་རྒྱལ་རིགས་ཀྱི་འབྱུང་ཁུངས》དང་དམངས་གླུ་ལ་གཞས་དང་སྐྱོ་གླུ་སོགས་ཡོད། ཁྱད་པར་དུ་མི་རིགས་དེ་ནི་བརྐོས་རིས་དང་རི་མོར་མཁས་ཤིང་། འཚོ་བའི་ཡོ་ཆས་དང་སྒོ་ཐེམ། གྱང་ལྡེབས་སོགས་སུ་མི་སྣ་དང་སྲོག་ཆགས། མེ་ཏོག་སྣ་ཚོགས་བརྐོས་ནས་ངལ་རྩོལ་དང་སྤྱི་ཚོགས་འཚོ་བ་མཚོན་པར་བྱེད། དེ་མིན་ཁོ་ཚོ་ད་དུང་གླུ་གར་ལའང་ཧ་ཅང་མཁས། ས་ཆ་ལ་ལར་ལུས་ལ་རི་མོ་གཙགས་པའི་སྲོལ་ཡང་ཡོད། ན་གཞོན་ཕོ་མོ་གཉི་ག་ཡུན་རིང་ལ་འགྲོགས་ནས་མཐུན་པ་བྱུང་རྗེས་རང་ཉིད་ཀྱི་གཉེན་དོན་ཐག་བཅད་ནས་ཕན་ཚུན་མི་འགྱུར་བའི་དམ་བཅའ་འཇོག་པ་དང་། རང་ཉིད་ཀྱི་སོ་གཉིས་བལ་ཏེ་ཕ་རོལ་པ་ལ་འབུལ་བ་དང་ཉར་ཚགས་བྱེད་པ་དེས་ཚེ་གང་བོར་སྐྱིད་སྡུག་མཉམ་མྱོང་བྱེད་པ་མཚོན། 

ཟླ་བའི་ལྷ་མོར་མཆོད་པ་ནི་ཀོ་ཧྲན་་རིགས་ཀྱི་སྲོལ་རྒྱུན་གྱི་དུས་མཆོད་ཅིག་ཡིན་ལ། སྤྱིར་བཏང་དུ་ཟླ9བའི་ཟླ་བའི་ཆ་ཤས་རྫོགས་པའི་དགུང་མོར་བྱེད། མཚན་མོ་དེར་ཕོ་ལོ་བཅོ་བརྒྱད་ནས་ལྔ་བཅུའི་བར་གྱི་སྐྱེས་པ་ཚོས་རང་གི་བསགས་དངུལ་གྱིས་ཉོས་པའི་ཆུ་གླང་ཞིག་བཤས་ཏེ་དེའི་མཐའ་བསྐོར་ནས་གླུ་གར་བྱེད། གླུ་གར་ཚར་རྗེས་གླང་ཤ་དུམ་བུར་བགོས་ནས་རྒན་གཞོན་གྱི་རིམ་པ་ལྟར་སྐལ་བགོ་ཞིང་། སྐྱེས་མ་ཚོས་ལྭ་གསར་གྱོན་པ་དང་རྒྱན་ཆ་བཏགས་ནས་གླུ་གར་བྱ་འགུལ་དུ་ཞུགས་པ་དང་། ཁོ་ཚོའི་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་ལ་སླེ་བོའི་ནང་དུ་སྤོ་ལོ་འཕེན་པ་སོགས་ཡོད་ལ་དེང་སང་འཕེལ་རྒྱས་བྱུང་ནས་ལུས་རྩལ་འགྲན་སྡུར་གྱི་རྣམ་གྲངས་ཤིག་ཏུ་གྱུར་ཡོད། 


མཉམ་སྤྱོད།