དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅིང་ཕོ་རིགས།

2022-12-29 15:31:02   |   274

ཅིང་ཕོ་རིགས(景颇族)ནི་ཡུན་ནན་ཞིང་ཆེན་གྱི་ཏེ་ཧོང་ཏེ་རིགས་དང་ཅིང་ཕོ་རིགས་རང་སྐྱོང་ཁུལ་དུ་འདུས་སྡོད་བྱས་ཡོད་ལ། ནུའུ་ཅང་ལི་སུའུ་རིགས་རང་སྐྱོང་ཁུལ་དུའང་ཐར་ཐོར་དུ་གནས་ཡོད། ཁྱོན་སྡོམ་མི་གྲངས147820ལྷག་ཡོད་ཅིང་། སྤྱི་ཚོགས་རྙིང་བར་སྤྱི་ཁྱབ་ཏུ“རི་མགོའི་མི”ཞེས་བརྗོད་ཀྱང་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་མི་རིགས་རང་གི་འདོད་པ་ལྷར་ཅིང་ཕོ་རིགས་ཞེས་བཏགས། ཁོ་ཚོས་རང་མི་རིགས་ཀྱི་སྐད་ཆ་བཀོལ་བ་དང་ལ་ཏིང་ཡི་གེ་རྨང་གཞི་བྱས་པའི་སྒྲ་སྦྱོར་ཡིག་རིགས་ཏེ་ཅིང་ཕོ་ཡི་གེ་ཡོད། 

མི་རིགས་དེའི་སྐྱེས་པ་ཚོས་ཕལ་ཆེར་མདོག་ནག་གཞུང་གཤགས་སྟོད་ཐུང་དང་རྐང་སྣམ་ཁོད་ཡངས་གོན་ལ། རྒན་པ་ཚོས་རལ་བ་ཐོར་ཅོག་བྱས་ཏེ་རས་ནག་གིས་དཀྲིས་ཡོད། ན་གཞོན་ཚོས་མགོར་རས་དཀར་དཀྲི་བ་དང་ཐག་རིང་ལ་འགྲོ་སྐབས་རལ་གྲི་འཕྲེད་འདོགས་བྱེད་པ་རེད། སྐྱེས་མ་ཚོས་ཕལ་ཆེར་མདོག་ནག་གཞུང་གཤགས་སྟོད་ཐུང་དང་སྨད་གཡོགས་དམར་སྨུག་གོན་ལ། སྐེར་དངུལ་གྱི་མགུལ་རྒྱན་དང་མཁྲིག་མར་ལག་གདུབ་འདོགས་པར་དགའ། 

ཅིང་ཕོ་རིགས་ཀྱི་རྩོམ་རིགས་ནི་ལྷ་སྒྲུང་དང་གཏམ་རྒྱུད། ངག་རྒྱུན། དམངས་གླུ་སོགས་ངག་རྩོམ་གཙོ་བོ་ཡིན་ལ། དམངས་ཁྲོད་གཏམ་རྒྱུད་ནི་ཚགས་དམ་ཞིང་གོ་བདེ་བ། མཚན་ཉིད་རིག་པའི་ནང་དོན་འདུས་པས། མང་ཚོགས་རྣམས་ཧ་ཅང་དགའ། ཅིང་ཕོ་རིགས་གླུ་གར་ལ་ཧ་ཅང་མཁས། ཞབས་བྲོ་མང་ཆེ་བ་ནི་ཚོགས་སྤྱིའི་ཞབས་བྲོ་ཡིན་པ་དང་།  ཞབས་བྲོ་ལ་ལ་མི་སྟོང་ཕྲག་ཡན་འདུས་ཏེ་འཁྲབ་ཆོག  ས་ཆ་ལ་ལའི་ཅིང་ཕོ་རིགས་ཀྱིས་གཉེན་ཉེ་དྲན་པ་མཚོན་བྱེད་དུ་ཕན་ཚུན་ལ་སྡོང་བོའི་རྩད་པ་སྐུར་རེས་བྱེད་པ་རེད། སྡོང་བོའི་རྩད་པ་ནི་དྲན་སྣང་མཚོན་པའི་དོན་ཡིན་ལ། དེར་ད་དུང་ཏིལ་འབྲུ་ཁར་བསྣན་ན། སྙིང་ཁོངས་ནས་དྲན་པ་དེ་མཚོན་ནོ།། 

གཞན་ཡང་སྐྱེས་པ་ཞིག་གིས་གཞོན་ནུ་མ་ཞིག་ལ་བརྩེ་དུངས་མཚོན་ཚེ། སྡོང་ལོས་སྡོང་བོའི་རྩད་པ་དང་སྒོག་པ། འབར་ཞུན། སེ་པན་གྱིས་ལེགས་པར་བཏུམས་ནས་སྟེར་བ་ལས། སྡོང་བོའི་རྩད་པས་དྲན་པ་མཚོན་ཞིང་།། སྒོག་པས་བུ་མོར་གཉེན་དོན་ལ་བསམ་བློ་གཏོང་དགོས་ཞེས་པ་མཚོན། སེ་པན་གྱིས་བརྩེ་བ་ཆེན་པོ་མཚོན། འབར་ཞུན་གྱིས་གཞོན་གསར་གྱི་བསམ་པ་རྣམ་དག་ཡིན་པ་མཚོན། སྡོང་ལོས་སྐད་ཆ་མང་བོ་ཤོད་རྒྱུ་ཡོད་པ་མཚོན། ཅིང་ཕོ་རིགས་ལ་ད་དུང་སྐྱེས་མ་ཚོས་ནམ་རྒྱུན་ལག་པས་མ་མགལ་བསྐྱོར་ནས་ཙོག་པུར་མི་འདུག་པ་དང་རྒན་རབས་པའི་མགོ་ལ་མི་རེག་པ་སོགས་ཀྱི་སྲུང་བྱ་ཡོད། ཅིང་ཕོ་རིགས་མི་དམངས་ཀྱིས་ལུགས་རྙིང་གི་ཟླ1པོའི་ཟླ་དཀྱིལ་གྱི་རྗེས་སུ་ཟུང་སྐར་ཞིག་བདམས་ནས། གཟབ་རྒྱས་ཆེ་བའི་སྲོལ་རྒྱུན་དུས་ཆེན་ཏེ་གླུ་གར་དུས་ཆེན་ལ་རོལ་པ་རེད། ཁོ་ཚོའི་སྲོལ་རྒྱུན་ལུས་རྩལ་བྱ་འགུལ་ལ་གྲི་རྩལ་འགྲན་པ་དང་ལག་ཤེད་འགྲན་པ། དབྱུ་གུས་འདེད་ཤུགས་འགྲན་པ་སོགས་ཡོད། 


མཉམ་སྤྱོད།