དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

​ཝུའུ་ཙི་པི་ཁེ་རིགས།

2022-12-29 16:43:16   |   1130

       ཝུའུ་ཙི་པི་ཁེ་རིགས(乌孜别克族)ནི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་ཐོར་སྡོད་བྱས་ཡོད་ཅིང་། ཁྱོན་སྡོམ་མི་གྲངས10560ལྷག་ཡོད་ལ། མི་རིགས་རང་གི་སྐད་རིགས་ཤོད་བཞིན་ཡོད་མོད། ཡིག་རིགས་ནི་ཡུ་གུར་རིགས་ཀྱི་ཡི་གེ་དང་ཧ་སག་རིགས་ཀྱི་ཡི་གེ་བཀོལ་སྤྱོད་བྱེད་བཞིན་ཡོད། ཝུའུ་ཙི་པི་ཁེ་རིགས་ཀྱི་སྐྱེས་པ་ཚོས་ནང་དུ་ཚིལ་ལེན་དང་ཕྱི་རུ་གོང་བ་གསེག་ཅིང་སྒྲོག་གུ་མེད་པའི་ལྭ་རིང་དང་། འཇུར་རྟ་ཡུ་རིང་གོན་པར་དགའ། བུད་མེད་ཚོས་སྟོད་སྨད་འབྲེལ་བའི་ལྭ་རིང་གྱོན་ནས་སྐ་རགས་མི་བཅིངས། ལོ་ན་ཅུང་བགྲེས་པའི་བུད་མེད་ཀྱིས་མདོག་ནག་པོ་ཅན་གྱི་གོས་གྱོན་པ་དང་མགོ་དཀྲི་དཀར་བོ་དཀྲིས་པ་ཡིན།

ཝུའུ་ཙི་པི་ཁེའི་རྩོམ་རིག་ནི་གཙོ་བོ་དམངས་ཁྲོད་རྩོམ་རིག་ཡིན། དམངས་ཁྲོད་ཀྱི་དོན་བརྗོད་སྙན་ངག《ཨ་དབྱི་སུའུ་ལོ》དང《གོར་ཨོར་ཁེར》སོགས་ཀྱིས་ཝུའུ་ཙི་པི་ཁེ་མི་དམངས་མེས་རྒྱལ་ལ་དགའ་ཞེན་ཆེ་ཞིང་གཉའ་གནོན་དང་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་བླ་མེད་ཀྱི་སྙིང་སྟོབས་མཚོན་ཡོད། གཞན་མི་རིགས་དེའི་རྩོམ་པ་པོའི་རྩོམ་རིག་དང་ཡུ་གུར་རིགས་ཀྱི་རྩོམ་རིག་བར་དུ་འབྲེལ་བ་དམ་པོ་ཡོད་ཅིང་། ཡུ་གུར་རིགས་ཀྱི་རྩོམ་རིག་གིས་ཕྱོགས་གང་ཅིའི་ཐད་ནས་ཝུའུ་ཙི་པི་ཁེ་རིགས་ཀྱི་རྩོམ་རིག་འཕེལ་རྒྱས་ལ་རྨང་གཞི་ཟབ་མོ་བཏིངས་ཡོད། 

ཝུའུ་ཙི་པི་ཁེ་རིགས་ཀྱི་ཟས་གཙོ་བོ་ལུག་ཤ་དང་ཟོག་ཤ།  རྟ་ཤ། འོ་མ་སོགས་ཡིན་ལ། ཕག་ཤ་དང་ཁྱི་ཤ་གཏན་ནས་མི་ཟ་ཞིང་ཆང་མི་འཐུང་། ཟས་ཟ་སྐབས་ཞྭའང་ཕུད་མི་རུང་། གཉེན་སྟོན་བྱེད་སྐབས་གཉེན་སྟོན་གྱི་མཛད་སྒོ་ཚང་མ་བག་མ་ཚང་དུ་བྱེད་པ་དང་། མཛད་སྒོ་ཚར་རྗེས་ད་གཟོད་བག་མ་སྐྱེས་པའི་ཁྱིམ་དུ་བསུ་བ་ཡིན། ཝུའུ་ཙི་པི་ཁེ་རིགས་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་ནི་ཧོར་རིགས་དང་འདྲ་སྟེ་སྨྱུང་གནས་གྲོལ་བའི་དུས་ཆེན་དང་ཀུའུ་ཨར་པང་དུས་ཆེན་སོགས་ཡོད། 



མཉམ་སྤྱོད།