དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞི་པོ་རིགས།

2022-12-29 16:45:54   |   1089

        ཞི་པོ་རིགས(锡伯族)ནི་གཙོ་བོ་ལིའོ་ཉིང་དང་ཅི་ལིན། ཧེ་ལུང་ཅང་ཞིང་ཆེན་བཅས་སུ་འདུས་སྡོད་བྱས་ཡོད་པ་དང་། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུའང་ཐར་ཐོར་ཙམ་ཡོད། ཁྱོན་སྡོམ་མི་གྲངས190480ལྷག་ཡོད། བྱང་ཤར་ས་ཁུལ་གྱི་ཞི་པོ་རིགས་ཀྱིས་ཡོངས་ཁྱབ་ཏུ་རྒྱ་ཡིག་དང་སོག་ཡིག་བཀོལ་བཞིན་ཡོད་ཅིང་། གྱོན་ཆས་ཀྱི་ཐད་ནས་ས་དེ་གའི་མན་ཇུ་དང་རྒྱ་རིགས་ཀྱི་གྱོན་ཆས་ཕལ་ཆེར་གཅིག་འདྲ་ཡིན། ཞིན་ཅང་དུ་གནས་པའི་ཞི་པོ་རིགས་ཀྱིས་ཞི་པོ་རིགས་རང་ཉིད་ཀྱི་ཡི་གེ་བཀོལ་བཞིན་ཡོད་ལ། གྱོན་ཆས་ཐད་དུ་བུད་མེད་རྣམས་ཀྱིས་སྨད་གཡོགས་སྦུབས་མ་གོན་པ་དང་། སྐྱེས་པ་ཚོས་གཞུང་གཤགས་སྟོད་ལྭ་ཐུང་ངུ་དང་རྐང་སྣམ་རིང་བོ་གོན། 

        ཞི་པོ་རིགས་ཀྱི་རྩོམ་རིག་ལ་དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིག་གཉིས་ཡོད། དམངས་ཁྲོད་གཏམ་རྒྱུད་དང་ངག་རྒྱུན་ལ《ཁུག་རྟ》དང《ཕུ་ནུ་གསུམ》ཞེས་པ་དང་། དམངས་གླུའི་ཐད་དུ《རྔོན་པའི་གླུ》དང《ཞིང་ཁའི་གླུ》《གཉེན་སྟོན་གྱི་གླུ》སོགས་བརྗོད་དོན་ཟབ་མོ་ཅན་མང་བོ་ཡོད། ཁྱད་པར་དུ་དམངས་ཁྲོད་ཀྱི་དོན་བརྗོད་སྙན་ངག《གནས་སྤོ་བའི་གླུ》ཡིས་ཞི་པོ་རིགས་མི་དམངས་ཀྱིས་རང་བྱུང་ཁམས་དང་འཐབ་འཛིང་བྱས་པའི་དཀའ་སྡུག་གི་ལོ་རྒྱུས་དང་མཐའ་མཚམས་སྲུང་སྐྱོབ་དང་མཐའ་མཚམས་འཛུགས་སྐྲུན་གྱི་ཐད་ལ་རྔུལ་ཆུ་ཕུལ་པའི་བརྒྱུད་རིམ་སྣ་ཚོགས་བརྗོད་ཡོད་པས་རྩོམ་རིག་གི་རིན་ཐང་དང་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་ལྡན། རྒྱལ་ཁབ་དབུ་བརྙེས་རྗེས། སྒྱུར་རྩོམ་གྱི་ཐད་དུ《ཨQཡི་གཏམ་རྒྱུད》དང《ཁང་ཆེན་དམར་བོའི་རྨི་ལམ》སོགས་རྒྱ་ཡིག་གི་རྩོམ་རིག་བརྩམས་ཆོས་དང་འཁྲབ་གཞུང་བརྒྱ་ལྷག་ཞི་པོ་རིགས་ཀྱི་ཡི་གེར་བསྒྱུར་ཡོད། 

       ཞི་པོ་རིགས་ཀྱི་ན་གཞོན་བུ་མོ་རྣམས་ཀྱིས་སྐྲ་ལན་བུ་གཅིག་ལས་མི་སླེས་པ་དང་གཉེན་བསྒྲིགས་ཟིན་པའི་བུད་མེད་རྣམས་ཀྱིས་ལན་བུ་གཉིས་བསླེས་ནས་སོ་སོ་རྟགས་མཚན་འབྱེད་པ་ཡིན། ཁོ་ཚོའི་སྡོད་གནས་ཐར་ཐོར་ཡིན་སྟབས་མི་རིགས་གཞན་དང་གཉེན་སྒྲིག་བྱེད་པར་བཀག་རྒྱ་དེ་འདྲ་མེད། གཉེན་སྒྲིག་བྱེད་སྐབས་མག་པ་རྟ་ལ་ཞོན་པ་དང་བག་མ་ཤིང་རྟར་བསྡད་དེ་སྐྱེས་པའི་ཁྱིམ་དུ་འགྲོ། བག་མ་ཤིང་རྟ་ལས་བབས་རྗེས་མག་པ་དང་མཉམ་དུ་ཁ་བྱང་ཕྱོགས་སུ་འཁོར་ནས་གནམ་ས་ལ་ཕྱག་འཚལ་རྗེས་ད་གཟོད་དོན་དངོས་སུ་གཉེན་བསྒྲིགས་པ་མཚོན། ཞི་པོ་རིགས་ཀྱི་ཟ་མ་གཙོ་བོ་འབྲས་དང་ཕྱེ་ཡིན་ལ། མི་རིགས་དེས་ཁྱི་ཤ་གཏན་ནས་མི་ཟ། ལུགས་རྙིང་གི་ཟླ་བཞི་པའི་ཚེས་བཅོ་བརྒྱད་ཉིན་མི་རྣམས་ཕྱོགས་གཅིག་ཏུ་འདུས་ནས་ལུས་རྩལ་གྱི་བྱེད་སྒོ་སྟེ་རྟ་རྒྱུག་དང་འཇུ་རེས། མདའ་འཕེན་པ་སོགས་བྱས་ནས་དུས་ཆེན་ལ་དགའ་བསུ་བྱེད། ལྷག་པར་དུ་མདའ་འཕེན་པ་ནི་ཞི་པོ་རིགས་ཀྱི་ལུས་རྩལ་བྱ་འགུལ་གཙོ་བོ་ཞིག་ཡིན། ལུགས་རྙིང་གི་ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན་ནི་ཞི་པོ་རིགས་ནུབ་ཕྱོགས་སུ་གནས་སྤོ་ནུར་བྱས་པའི་རྗེས་དྲན་ཉིན་མོ་ཡིན། 



མཉམ་སྤྱོད།