དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཚིག་མཛོད《གབ་འགྲེལ་མེས་པོའི་ངག་རྗེས》ཀྱི་ནང་དོན་གནད་བསྡུས།

2024-08-27 09:26:14   |   310

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཚིག་མཛོད་འདིའི་ནང་བོད་ཀྱི་ཡིག་རྙིང་སོགས་དང་། མདོ་དབུས་ཁམས་གསུམ་གྱི་རིས་མེད་མཁས་དབང་དག་གི་བརྩམས་ཆོས་གྲགས་ཆེན་ཁག་ལས་མ་ཚིག་བསྡོམས་པས་བདུན་སྟོང་ལྷག་བསྡུས་ཡོད་པར་མ་ཟད། ད་ལྟའི་བར་དག་ཡིག་ཁག་ཏུ་འཁོད་མྱོང་མེད་པའི་ཨ་མདོའི་ཡུལ་སྐད་ཁྲོད་ཀྱི་རྒྱུན་སྤྱོད་མིང་བརྡ་རྩ་ཆེན་སྐོར་ཞིག་ཀྱང་བསྡུ་རུབ་བྱས་ཏེ། དེ་དག་ལ་སྒྲ་དང་མཐུན་པ་དང་། དོན་ལ་གཞོལ་བ། བོད་རང་གི་བརྡ་སྤྲོད་ལུགས་དང་ཡང་མི་འགལ་བའི་སྒོ་ནས་ཡི་གེ་དག་མོ་ཇི་ལྟར་འབྲི་དགོས་ཚུལ་རེ་རེ་ནས་ལུང་རིགས་དཔེ་གསུམ་གྱིས་གསང་གནད་བཀྲོལ་ཡོད་ཅིང་། དེའི་ངོས་ཀྱི་དཔེ་བརྗོད་རྣམས་ནི་འཚོ་བ་དངོས་ཁྲོད་ཀྱི་རྒྱུན་བཀོལ་སྐད་ཆ་མཚར་པོའམ་གླུ་དང་གཏམ་དཔེ་སོགས་ལ་སྦྱར་ཡོད་པས། ཀློག་ཐེངས་གཅིག་གིས་མ་ཚིག་གི་ཧ་གོ་སྐྱེན་ཞིང་ཡིད་ལ་འཛིན་བདེ་བའི་ཐུན་མིན་གྱི་ཁྱད་ཆོས་ཡོངས་སུ་ལྡན། ལྷག་པར་དུ། ཚིག་མཛོད་འདིའི་ནང་མ་ཚིག་གི་བྱུང་ཁུངས་གང་ཡིན་གསལ་སྟོན་བྱས་ཡོད་པར་མ་ཟད། ཤོག་ལྡེབ་གང་གི་ངོས་སུ་ཚུལ་ཇི་ལྟར་ཡོད་རིགས་ཀྱང་གསལ་བོར་འཁོད་ཡོད་ཅིང་། ཁ་གསལ་ཞིང་འབྲུ་ཉུང་བའི་ཚིག་གིས་མ་ཚིག་རྣམས་བཀྲལ་བ་གནད་དུ་ཐིངས་ཡོད་ཕྱིར། དེ་ནི་བོད་ཀྱི་དག་ཡིག་རིག་པའི་ལོ་རྒྱུས་ཐོག་སྔར་མེད་གསར་བཏོད་ཀྱི་ཆ་ལྡན་པའི་སློབ་སྦྱོང་གི་ཡོ་བྱད་ཅིག་རེད་ལ། ཀློག་པ་པོ་སྤྱི་དང་སྒོས་སུ་བོད་ཀྱི་དག་ཡིག་རིག་པར་ཞིབ་འཇུག་གནང་མཁན་རྣམ་པར་ལྟ་ཀློག་གི་རིན་ཐང་དང་། ཞིབ་འཇུག་གི་རིན་ཐང་། ཉར་ཚགས་ཀྱི་རིན་ཐང་བཅས་གཞལ་དུ་མེད་པ་མངའ་བའི་རྒྱུ་ཆ་གསོན་ཉམས་ལྡན་པ་ཞིག་ཀྱང་མཁོ་སྤྲོད་བྱས་ཡོད་པ་རེད། མདོར་ན། ད་ལྟ་མདོ་དབུས་ཁམས་གསུམ་གྱི་བོད་པ་རྣམས་འབྲེལ་འདྲིས་བྱེད་ཚད་ཉིན་རེ་ལས་ཉིན་རེར་མང་དུ་འགྲོ་བའི་གནས་བབ་བཟང་བོའི་འོག་ཏུ། ཚིག་མཛོད་འདི་འདྲ་སྒྲིག་རྩོམ་ལེགས་གྲུབ་བྱུང་བ་ནི་བོད་སྐད་ཡིག་སྲུང་སྐྱོབ་ལ་ཕན་ཆེ་བ་ལས་འགལ་རྐྱེན་དུ་འགྲོ་མི་སྲིད་ཙ་ན། ཚིག་མཛོད་འདིའི་སྒྲིག་རྩོམ་བྱེད་སྟངས་སོགས་ཆ་ཡོངས་ནས་གཤིབ་ན། ཚིག་མཛོད་འདི་ལ་ཚིག་མཛོད་སྔ་མ་དག་ལ་མེད་པའི་དགེ་མཚན་དང་སྟོང་ཆ་ཁ་སྐོང་བྱས་པའི་རིགས་མང་དུ་མཆིས་པས། པར་སྐྲུན་འགྲེམ་སྤེལ་བྱས་ཚེ་བོད་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཐད་ལ་ཕན་ནུས་མི་དམན་པ་བསྐྱེད་ཐུབ་པར་གདོན་མི་ཟའོ། །

11.jpg

ཀུན་ཁྱབ་ཀླུ་བྱམས། ཞུས་ཆེན་པ། (译审)མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་གསར་འགོད་པ་དང་། ལོ་ཙཱ་བ། རྩོམ་སྒྲིག་པ་བཅས་ཀྱི་བྱ་བ་བསྒྲུབས། 2014ལོར་ལས་འཁྱུར་བྱས་རྗེས་མུ་མཐུད་དུ་ཨ་མདོའི་ཁ་སྐད་དང་ཡིག་སྐད་གཉིས་བར་གྱི་སྒྲ་གདངས་འགྱུར་ཚུལ་གྱི་ཁྱད་པར་དང་ཆོས་ཉིད་ཐད་ལ་ཉམས་ཞིབ་བྱས་ཏེ་གྲུབ་འབྲས་མི་དམན་པ་བླངས་ཡོད།

ཁོས་སྔ་ཕྱིར《ཀྲུང་གོའི་བོད་ཀྱི་ཤེས་རིག》དང་།《ཀྲུང་གོའི་བོད་ལྗོངས》《བོད་ཀྱི་སློབ་གསོ》སོགས་ཀྱི་དུས་དེབ་སྟེང་། དཔྱད་རྩོམ་དང་སྒྱུར་རྩོམ་ཉི་ཤུ་ལྷག་སྤེལ་ཅིང་། རྒྱལ་ཡོངས་རིམ་པའི་བྱ་དགའ་ཨང་དང་པོའང་བླངས་ཡོད། 1994ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཁང་གིས་གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག་པར་སྐྲུན་བྱེད་པར་ཞུ་དག་གི་འགན་འཁུར། ཁོས་བྲིས་པའི་མི་དམངས་ཀྱི་སྤྱི་ཞབས་པ་ཞེས་པའི་ཆེད་རྩོམ་དེ། 2006ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི《གསར་འགྱུར་རྩོམ་འབྲིའི་ཁྲིད་དེབ》ཁྲོད་ཁ་ཚང་དུ་བདམས། 2006ལོར་མཚོ་སྔོན་ཞིང་ཆེན་སྐབས་དང་པོའི་རྒྱང་སྒྲོག་བརྙན་འཕྲིན་གྱི་ཕུལ་བྱུང་རྩོམ་སྒྲིག་པ་བཅུའི་མཚན་སྙན་ཐོབ། ཁོས་བྲིས་པའི་དཔྱད་རྩོམ《ཨམ་སྐད་ཁྲོད་ཐྲ་ཡིག་གི་འཇུག་ཚུལ་གཞན་ཡོད་པར་དཔྱོད་པ》ཞེས་པ་དེར། 2016ལོར་ནཱོ་ཝེ་རྒྱལ་ཁབ་ཏུ་འཚོགས་པའི་སྐབས་བཅུ་བཞི་པའི་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུའི་སྟེང་གདེང་འཇོག་ཚད་མཐོན་པོ་ཐོབ། 2019ལོར་ཧྥ་རན་སིའི་རྒྱལ་ས་པཱ་ལི་ནས་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་སྐབས་བཅོ་ལྔ་བར་ཞུགས། 2023ལོའི་ཟླ10བར། ཁོས་སྒྲིག་རྩོམ་བྱས་པའི་བོད་ཀྱི་ཚིག་མཛོད་《གབ་འགྲེལ་མེས་པོའི་ངག་རྗེས》ཞེས་པ་དེ་ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།


མཉམ་སྤྱོད།