དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

གེ་སར་བརྒྱ་ཐང་བཞེངས་པའི་ལེགས་བྱས་འདི་ཨེ་མ་རྨད།

2024-09-24 09:21:17   |   418

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཁམས་པའི་བརྙན་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


图片1.png

ཟླ་དགུ་པའི་ཚེས་ཉི་ཤུ་ཉིན། སི་ཁྲོན་ཞིང་ཆེན་མཛེས་རྩལ་ཁང་དུ་མི་རིགས་ཤིག་གི་སེམས་གཏིང་ན་འགྱིང་བའི་དཔའ་བོའི་སྣང་བརྙན་གསོན་པོ་སྟེ། འཛམ་གླིང་གེ་སར་རྒྱལ་པོ་དང་ཁོང་གི་དཔའ་ཐུལ་བརྒྱ་ཡི་སྐུ་བརྙན་དེ་ཐང་གའི་སྒྱུ་རྩལ་གྱི་ལམ་ནས་གསར་དུ་བཞེངས་པའི་འགྲེམས་སྟོན་ཆེན་མོ་ཞིག་ལེགས་པར་བཤམས་པའི་མགོ་ཚུགས་མཛད་སྒོ་སྤེལ་བ་རེད།

图片2.png

འདི་ནི་སྤྱི་ཁྱབ་ཇུས་འགོད་པ་དགེ་བ་བཟང་པོ་ལགས་དང་ཐང་གའི་ལྷ་རིས་སྒྱུ་རྩལ་པ་ལེགས་སྨོན་གཉིས་ལ་མཚོན་ན་དངོས་གནས་དགའ་འོས་པའི་ཉིན་མོ་ཞིག་ཡིན་ཏེ། ཁོང་གཉིས་ཀྱིས་མི་ལོ་གང་མང་ལ་ལྷག་བསམ་དང་དད་འདུན་གཙང་མ་ཞིག་ཡིད་ལ་བཅངས་ནས་གླིང་དཔའ་ཐུལ་གྱི་སྣང་བརྙན་དེ་འཛམ་གླིང་སྐྱེ་བོ་ཡོངས་ཀྱི་མིག་གི་དགའ་སྟོན་དུ་བཤམས་པའི་ལེགས་བྱས་ཀྱི་བརྩོན་པ་ལ་རེ་བའི་འབྲས་བཟང་ཡོངས་སུ་སྨིན་པ་རེད།

微信图片_20240924092859.jpg

图片3.png

གེ་སར་བརྒྱ་ཐང་གི་ཇུས་འགོད་པ་དགེ་བ་བཟང་པོ་ལགས་ནི་སི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་གི་གེ་སར་སྒྲུང་པའི་ཁྱིམ་རྒྱུད་ཅིག་ནས་སྐུ་འཁྲུངས་པ་དང་། ཆུང་དུས་ནས་བཟུང་གེ་སར་སྒྲུང་གི་ངོ་མཚར་བའི་གཏམ་རྒྱུད་དང་དཔའ་བོའི་སྣང་བརྙན་རེ་རེ་ཡིས་ཁོང་ལ་བག་ཆགས་ཟབ་མོ་ཞིག་བཞག་པར་མ་ཟད། གེ་སར་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་དད་འདུན་གཙང་མ་ཞིག་ཀྱང་ཡིད་ལ་བཅངས་ཏེ་ལོ་ངོ་མང་པོར་གེ་སར་རྒྱལ་པོའི་སྐུ་བརྙན་གསར་བཞེངས་དང་། གེ་སར་སྒྲུང་འཚོལ་སྡུད་བྱེད་པ་སོགས་ཀྱི་ཕྱག་ལས་དོན་དུ་གཉེར་བ་རེད།

图片4.png

ཉིས་སྟོང་བདུན་ལོར་དགེ་བ་བཟང་པོ་ལགས་ཀྱིས་གླིང་གེ་སར་རྒྱལ་པོའི་དཔའ་ཐུལ་བརྒྱ་ཡི་སྣང་བརྙན་དེ་ཐང་གའི་སྒྱུ་རྩལ་ལམ་གྱི་ལམ་ནས་གསར་དུ་བཞེངས་པའི་སེམས་འདུན་དེ་རང་གི་ཆུང་དུས་ནས་འདྲིས་ཤིང་འགྲོགས་པའི་གྲོགས་པོ་བཟང་པོའམ་ལྷ་རིས་པ་ལེགས་སྨོན་ལགས་ལ་བཤད་པ་ན། ལེགས་སྨོན་ལགས་ཀྱིས་དེ་མ་ཐག་ཐུགས་སྤྲོ་བའི་ངང་ནས་དང་དུ་བླངས་པས། རྒྱུ་གང་སོང་འབྲས་བུ་ཞེས་པའི་དཔེ་ལྟར་ལེགས་བྱས་ཀྱི་ས་བོན་ལ་ལེགས་ཚོགས་ཀྱི་འབྲས་བུ་སྨིན་པའི་རྟེན་འབྲེལ་གྱི་ཐོག་མ་འགྲུབ་པ་རེད།

图片5.png

ལྷ་རིས་པ་ལེགས་སྨོན་ལགས་ཀྱིས་གྲོགས་དགེ་བ་བཟང་པོའི་རེ་བ་དང་དུ་བླངས་པའང་གྲོགས་པོ་ཙམ་གྱིས་ཁ་ངོ་མ་ཡིན་ཏེ། ཁོ་རང་ཡང་ཀྲུང་གོའི་གེ་སར་རིག་གནས་སྒྱུ་རྩལ་གྱི་ཕ་ས་རུ་བསྔགས་པའི་གསེར་རྟ་རྫོང་ནས་སྐྱེས་ཤིང་འཚར་ལོངས་བྱུང་བ་དང་། ཁོང་གི་ཕ་ལགས་ཀྱང་ས་གནས་དེ་རུ་མིང་དུ་གྲགས་པའི་ལྷ་རིས་པ་ཞིག་ཡིན་པས། ལེགས་སྨོན་གྱིས་ཆུང་དུས་ནས་བཟུང་རང་གི་ཨ་ཕའི་དྲུང་ནས་གེ་སར་གྱི་སྐུ་བརྙན་མཇལ་བའི་སྐལ་བར་ལྡན་པར་གྱུར་ཅིང་། གླིང་གེ་སར་རྒྱལ་པོའི་སྐུ་བརྙན་དེ་ཐང་གའི་ལམ་ནས་གསར་དུ་བཞེངས་པའི་ལྷག་བསམ་གཙང་མ་ཞིག་སེམས་ཀྱི་ཡོལ་གོ་རུ་ཞུགས་པ་རེད།

图片6.png

རང་ལོ་ཉེར་དྲུག་ལོན་པའི་ལོ་དེར་ལེགས་སྨོན་གྱིས་གེ་སར་རིག་གནས་ལ་བཅངས་པའི་བརྩེ་བ་ཟབ་མོ་ཕྱི་རུ་ངོམ་པ་དང་། རང་གིས་ཐང་གའི་ལག་ཤེས་སྦྱངས་པའི་གྲུབ་འབྲས་ལེགས་པར་མཚོན་པའི་ཆེད་དུ། འཛམ་གླིང་གེ་སར་རྒྱལ་པོ་ཞེས་པའི་རི་མོ་ཞིག་གསར་དུ་བཞེངས་ནས་ཕྱོགས་བཅུར་བཀྲམས་པ་ན། བྱམས་དང་བརྩེ་བས་ཁེངས་ཤིང་། སྟོབས་དང་དབང་ཐང་གིས་བརྒྱན་ལ། དཔལ་དང་གཟི་བརྗིད་ཀྱིས་སྤྲས་པའི་གེ་སར་རྒྱལ་པོའི་སྣང་བརྙན་དེས་བོད་མི་རེའི་ཁ་ན་སྒྲུང་རེ་ཡོད་ཀྱང་། གླིང་གེ་སར་རྒྱལ་པོ་འདི་ཡིན་སྙམ་པའི་མ་གྲོས་རང་མཐུན་གྱི་བསྟོད་བསྔགས་ཚད་མེད་ཐོབ་ཅིང་། ལེགས་སྨོན་ཡང་ལྷ་རིས་པ་དཀྱུས་མ་ཞིག་ནས་ཀུན་གྱིས་ཁས་ལེན་པའི་ལྷ་རིས་སྒྱུ་རྩལ་པ་གྲགས་ཅན་ཞིག་ཏུ་འགྱུར་བའི་ལམ་ལ་གོམ་ཁ་སྤོས་པ་རེད།

图片7.png

དེ་ནས་བཟུང་གེ་སར་སྒྲུང་དང་འབྲེལ་བའི་ཐང་ག་གསར་བཞེངས་གནང་བ་ནི་ལེགས་སྨོན་གྱི་ཐང་གའི་སྒྱུ་རྩལ་གསར་རྩོམ་གྱི་བརྗོད་བྱ་གཙོ་བོ་ཞིག་ཏུ་གྱུར་ཡོད་པས། སྔ་རྗེས་སུ་གླིང་གེ་སར་རྒྱལ་པོ་དང་། གེ་སར་སྟོང་ཐང་ཆེན་མོ། གེ་སར་ཚད་དཔེ་རི་མོ་སོགས་གེ་སར་སྒྲུང་དང་འབྲེལ་བའི་ཐང་གའི་རི་མོ་གང་མང་གསར་དུ་བཞེངས་ནས་བོད་ཀྱི་གེ་སར་རིག་གནས་དེ་ཐང་གའི་སྒྱུ་རྩལ་གྱི་ལམ་ནས་འཛིན་སྐྱོང་སྤེལ་གསུམ་གནང་བར་བྱས་རྗེས་གང་ལེགས་བཞག་པ་རེད།

图片8.png

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གེ་སར་སྒྲུང་དང་བཅས་པའི་སྲོལ་རྒྱུན་རིག་གནས་ཀྱིས་ཀྲུང་ཧྭ་མི་རིགས་ལ་བསམ་བློའི་ཉིང་བཅུད་ཕུན་སུམ་ཚོགས་པ་ཞིག་བསྐྲུན་པར་མ་ཟད། འཛམ་གླིང་ཤེས་རིག་དར་སྤེལ་ལ་བྱས་རྗེས་བླ་ན་མེད་པ་བཞག་ཡོད་ཅེས་གསུངས་པ་ལྟར། ཐེངས་འདིར་དགེ་བ་བཟང་པོ་དང་ལྷ་རིས་སྒྱུ་རྩལ་པ་ལེགས་སྨོན་གཉིས་ཀྱིས་གླིང་གི་དཔའ་ཐུལ་བརྒྱ་ཡི་སྣང་བརྙན་དེ་ཐང་གའི་སྒྱུ་རྩལ་གྱི་ལམ་ནས་གསར་དུ་བཞེངས་པ་འདི་ཡིས་བོད་ཀྱི་གེ་སར་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། མི་རིགས་རིག་གནས་སྤེལ་རེས་བྱེད་པ། ནང་སྒོས་སུ་བོད་ཀྱི་གེ་སར་རིག་གནས་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་བྱེད་པའི་སྒེའུ་ཁུང་གསར་པ་ཞིག་དང་ཐབས་ལམ་ཡག་མོ་ཞིག་བསྐྲུན་པར་སྙིང་ནས་གུས་འདུད་དང་རྗེས་སུ་ཡི་རང་ཞུ།

图片9.png

图片10.png

图片11.png


མཉམ་སྤྱོད།