དེ་རིང་ནི2025ལོའི་ཟླ02པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་རིགས་ཤོམ་འགྲོ་མ་བློ་བཟང་སྒྲོལ་མ།

2024-12-31 09:14:29   |   954

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


གནའ་གྲོང་ལྷ་སར་ཕྲུ་གུ་ཚོའི་ལུས་ངག་ཡིད་གསུམ་གྱི་མཛེས་པ་གསོ་སྦྱོང་བྱ་རྒྱུ་གཙིགས་སུ་འཛིན་པའི་ཚོགས་པ་ཞིག་ཡོད་པ་དེའི་མིང་ལ་མཐའ་ཡས་མེ་ཏོག་མཛེས་དཔྱོད་གསོ་སྦྱོང་ལྟེ་གནས་ཟེར་བ་དང་། དེའི་སྲོལ་གཏོད་པ་ནི་ལོ་རབས་དགུ་བཅུའི་རྗེས་སུ་སྐྱེས་པའི་བོད་རིགས་ཀྱི་གཞོན་སྐྱེས་མ་བློ་བཟང་སྒྲོལ་མ་ལགས་རེད། ཁོང་ནི་ལྟེ་གནས་དེའི་འགན་འཁུར་བ་ཞིག་ཡིན་པ་མ་ཟད་མིང་དུ་གྲགས་པའི་ཤོམ་འགྲོ་མ་ཞིག་ཀྱང་རེད།

图片9.png
རང་སོའི་བྱིས་དུས་ཕུགས་བསམ་དོན་གཉེར་གྱིས། ཆེད་ལས་སྟེགས་བུ་གཏོད་པའི་ལས་ལ་གཞོལ།

ཆེད་ལས་ཤོམ་འགྲོ་བ་ནི་བལྟས་ཚོད་ལ་ང་ཚོའི་འཚོ་བ་དང་རྒྱང་ཐག་རིང་བའི་ལས་རིགས་ལྟ་བུ་ཞིག་ཏུ་སྣང་ཡང་། བློ་བཟང་སྒྲོལ་མ་ལགས་དང་ཤོམ་འགྲོ་བའི་བར་ལས་འབྲེལ་ཇི་ལྟར་བྱུང་བ་ཡིན་ནམ་ཞེ་ན། དེ་ནི་དགའ་ཞེན་དང་རྒྱུན་འཁྱོངས་ལས་བྱུང་བ་ནི་ཉག་ཅིག་རེད། ཁོང་གིས། ང་རང་ཆུང་བྱིས་པའི་དུས་ནས་ཤོམ་འགྲོ་བའི་ལས་རིགས་དེར་དགའ་ཞེན་ཆེན་པོ་ཡོད། ངས་ད་ལྟ་དུས་ནམ་ཞིག་ལ་ས་ཆ་གང་ཞིག་ཏུ་ཤོམ་འགྲོ་བའི་འཁྲབ་སྟོན་ལ་བལྟས་མིན་དྲན་མ་གསོས་ཀྱང་། ཆུང་དུས་ནས་ཨ་མ་ལགས་ཀྱི་འཇུར་རྟ་ཡུ་རིང་དང་། སྲང་རས་སོགས་གྱོན་ནས་ཚོམས་ཆེན་ནང་དུ་ཤོམ་འགྲོ་བའི་གོམ་པ་སྤོ་སྟངས་དང་ལག་པ་གཡུག་སྟངས་སོགས་ལ་ལད་མོ་བྱས་པའི་ངང་ཚུལ་མང་པོ་ཞིག་གསལ་པོར་དྲན་གྱི་འདུག་ཅེས་གསུངས།

   图片10.png

 སྤྱི་ལོ2010ལོར། ནང་སའི་སློབ་གྲྭའི་དགའ་ཚལ་དུ་ཤེས་བྱ་ཡི་སྦྲང་རྩི་འཐུ་བཞིན་པའི་སྐབས་སུ་སྟེས་དབང་གི་རྐྱེན་པས་ཧྲའན་ཤི་ཞིང་ཆེན་གྱི་ཤོམ་འགྲོ་བའི་མཐུན་ཚོགས་ལ་ཞུགས་པའི་སྐལ་བཟང་ཐོབ་པ་དང་སྦྲགས་ཆེད་ལས་ཀྱི་སྦྱོང་བརྡར་ཡང་བྱེད་མགོ་ཚུགས། དུས་དེ་ནས་བཟུང་། ཁོང་གིས་སློབ་གསེང་གི་ཁོམ་པ་ཡོད་ཚད་འཕྲོ་བརླག་ཏུ་མ་བཏང་བར་ཤོམ་འགྲོ་བའི་ལས་རིགས་དེར་བཅངས་པའི་དགའ་ཞེན་ཐོག་ནས་བརྩོན་པ་བརྒྱ་དང་འབད་པ་སྟོང་གིས་ཤོམ་འགྲོའི་ཆེད་ལས་ཤེས་བྱར་སྦྱངས་བརྩོན་ཧུར་ཐག་གནང་།

图片11.png

ནང་ས་ནས་སློབ་ཆེན་མཐར་ཕྱིན་རྗེས། བློ་བཟང་སྒྲོལ་མ་ཡང་བོད་རིགས་ཀྱི་ན་གཞོན་ཚོ་དང་འདྲ་བར་གཞུང་ཞབས་པའི་སྡེ་རུ་ཞུགས། འོན་ཀྱང་། ཁོང་གིས་ཐོག་མའི་བསམ་འདུན་བརྟན་སྲུང་གིས་ཤོམ་འགྲོ་བའི་ཆེད་ལས་ཤེས་བྱར་སྦྱངས་བརྩོན་བྱེད་པའི་གོམ་སྟབས་སྤོ་མཚམས་གཏན་ནས་བཞག་མ་མྱོང་ལ། གཞུང་ཞབས་པའི་ལས་ལ་འཇུག་པའི་སྐབས་སུའང་། འཁོར་ཞག་གི་ཁོམ་པ་སྤྱད་དེ་ནང་སའི་དར་རྒྱས་ཆེ་བའི་ས་ཁུལ་དུ་ཤོམ་འགྲོའི་ཟབ་སྦྱོང་ནང་ཞུགས་ཏེ་རང་ཉིད་དང་དར་བཟོའི་ལས་རིགས་བར་གྱི་སྦྲེལ་ཐག་དེ་མི་ཆད་པ་གནང་གི་ཡོད། སེམས་པས་སླེབས་སར། ལུས་པོས་མ་སླེབས་ཟེར་བའི་གནའ་དཔེ་བཞིན། རིམ་བཞིན་གཞུང་གི་ལས་ཀ་དང་སྒེར་གྱི་དགའ་ཞེན་བར་དུས་ཚོད་མི་འདང་བ་དང་སེམས་ནུས་མི་འདང་བ་སོགས་ཀྱི་འགལ་ཟླ་ཐོན་དུས། གྲོས་མི་ལ་དྲིས། ཐག་རང་གིས་གཅོད་ཅེས་པ་ལྟར། སྤྱི་ལོ2015ལོར་ནང་མི་དང་དགའ་ཉེ་བློ་དཀར་སོགས་ལ་གྲོས་དྲིས་ཀྱང་ངོ་རྒོལ་དྲག་པོ་ཕོག་པར་མ་བལྟོས་པར། ཐེ་ཚོམ་གྱི་རྒྱུ་དང་བྲལ་ནས་གཞུང་ཞབས་པའི་ལས་གནས་ལས་དགོངས་པ་ཞུས་ཏེ་གནོང་འགྱོད་སྤུ་ཙམ་མེད་པར་ལས་གཏོད་ལམ་དུ་ཞུགས་པ་མ་ཟད་རང་ཉིད་ཀྱི་དགའ་ཞེན་བྱེད་པའི་ཤོམ་འགྲོའི་ལས་རིགས་ཕྱོགས་སུ་གོམ་སྟབས་བརྟན་པོ་ཞིག་སྤོ་མགོ་ཚུགས།

图片12.png
བྱིས་པའི་མཛེས་དཔྱོད་གསོ་སྦྱོང་ལྟེ་གནས་བཙུགས། ཕྱོགས་ཡོངས་འཕེལ་རྒྱས་བྱ་བ་དོན་དུ་གཉེར།

སྤྱི་ལོ2015ལོར་གཞུང་གི་ལས་གནས་ལས་དགོངས་པ་ཞུས་ཏེ་ནང་སར་མུ་མཐུད་སློབ་གཉེར་ལ་ཕེབས་པའི་སྐབས་སུ། བྱིས་པར་ཤོམ་འགྲོའི་ཟབ་སྦྱོང་བྱེད་པ་དེ་ནང་སར་དར་བཟོ་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་བ་མ་ཟད་བྱིས་པར་ཤོམ་འགྲོའི་ཤེས་བྱ་བསླབ་པ་དེ་ཤོམ་འགྲོའི་གོམ་པ་སྤོ་སྟངས་དང་ལུས་ཀྱི་སྟངས་སྟབས་མངོན་སྟངས་བསླབ་པ་སོགས་མི་རྣམས་ཀྱི་རྒྱུན་འཇགས་བསམ་བློ་ལྟ་བུ་ཙམ་མ་ཡིན་པར། དེ་ནི་ཕྲུ་གུའི་ཕྱོགས་ཡོངས་ཀྱི་ནུས་པ་གསོ་སྦྱོང་དང་། གཤིས་ཀ་གསོ་སྐྱོང་། དེ་བཞིན་རང་ལ་ཡིད་ཆེས་བྱེད་པའི་བསམ་པ་གསོ་སྦྱོང་སོགས་ཕྱོགས་གང་ཅིའི་ཐད་ཕན་པ་ལྡབ་འགྱུར་ལྡན་པའི་བྱ་བ་ཞིག་ཡིན་པའི་ངེས་ཤེས་ཟབ་མོ་སྐྱེས། དེར་བརྟེན། སྐབས་དེ་དུས། ཁོང་གི་སེམས་དབུས་སུ་ཆེས་སྔོན་ཐོན་གྱི་ཤོམ་འགྲོའི་སློབ་གསོ་དང་བྱིས་པའི་མཛེས་དཔྱོད་སློབ་གསོ་དེ་ཕ་ཡུལ་གངས་ལྗོངས་སུ་དར་སྤེལ་གཏོང་རྒྱུའི་དགོངས་པ་འཆར།

图片13.png

སྤྱི་ལོ2016ལོར། བྱིས་པའི་ཤོམ་འགྲོའི་ཟབ་སྦྱོང་འཛིན་གྲྭ་འཛུགས་པའི་སྐབས་སུ། གནའ་གྲོང་ལྷ་སར་སྤྱིར་ཤོམ་འགྲོའི་ལས་རིགས་ཀྱི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མེད་ལ། བྱིས་པའི་ཤོམ་འགྲོ་ནི་བསེ་རུའི་རྭ་བཞིན་ཤིན་ཏུ་དཀོན་པོ་ཡོད། བློ་བཟང་སྒྲོལ་མ་ལགས་ཀྱིས། ཐོག་མར་ཟབ་སྦྱོང་འཛིན་གྲྭ་འཛུགས་དུས་མིང་ཐོ་འགོད་མཁན་ཕྲུ་གུ་ག་ཚོད་ཡོད་མིན་དང་། མིང་ཐོ་འགོད་མཁན་མེད་ན་གང་འདྲ་བྱེད་དགོས་མིན་ལ་སོགས་པའི་བསམ་བློ་གང་ཡང་བཏང་མེད། མཐར་ཕྲུ་གུ20ཙམ་གྱིས་མིང་ཐོ་བཀོད་འདུག་པས། ངས་ཀྱང་ཤོམ་འགྲོའི་རྨང་གཞིའི་ཤེས་བྱ་སྦ་གསང་གང་ཡང་མེད་པར་བུམ་པ་གང་བྱོའི་ཚུལ་དུ་བསླབ་པ་ཡིན་ལ། གོ་སྐབས་ཡོད་རིམ་བཞིན་ཕྲུ་གུ་རྣམས་ཁྲིད་དེ་ཚོང་ལས་འཁྲབ་སྟོན་དང་འགྲན་བསྡུར་སོགས་མང་པོར་ཞུགས་པ་ཡིན་ཞེས་གསུངས།

图片14.png

ངོ་མ། གནའ་མིའི་ཁ་རྒྱུན་ལ། སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས། བྱས་པའི་ལས་ལ་སྒྲུབ་པའི་མཐའ་དགོས་ཞེས་པ་ལྟར། ཁོང་གིས་དཀའ་སྤྱད་སྙིང་རུས་གནང་མཐར། ཁོང་གིས་བསླབ་གནང་བའི་སློབ་མ་རྣམས་ཀྱི་གཟུགས་བརྙན་ཡང་རིམ་བཞིན་དར་སྲོལ་གྱོན་གོས་འགྲེམས་སྟོན་དང་། ཤོམ་འགྲོའི་འགྲན་བསྡུར་སོགས་གར་སྟེགས་ཆེན་པོའི་ཐོག་ཏུ་མངོན་དུས། ཁོང་གི་འགྲམ་དུ་ཤོམ་འགྲོའི་ཤེས་བྱ་སྦྱོང་བར་ཡོང་མཁན་གྱི་སློབ་མ་ཡང་ཆར་རྗེས་ཀྱི་ཤ་མོ་བཞིན་མང་དུ་སོང་ཡོད་ལ། ཁོང་མི་སྒེར་དང་མཛེས་དཔྱོད་ལྟེ་གནས་ཀྱི་མིང་གྲགས་ཀྱང་བྱ་སྤུ་རླུང་གིས་འཁྱེར་བ་བཞིན་གངས་ལྗོངས་ས་མཐོ་ནས་རིམ་གྱིས་ནང་ས་དང་ཕྱི་རྒྱལ་སོགས་སུའང་གྲགས་པར་གྱུར།

དཀའ་ལས་ཇི་ཙམ་བརྒྱབ་ན། འབྲས་བུ་དེ་ཙམ་ཐོབ་ཡོང་ཟེར་བ་བཞིན། ལོ་མང་རིང་དཀའ་སྤྱད་འབད་འཐབ་གནང་བ་བརྒྱུད། སྤྱི་ལོ2019ལོར། ཁོང་དང་ངག་དབང་ཆོས་འཛོམས་ལགས་གཉིས་ནས་ལྷ་སར་དངོས་སུ་རང་ཉིད་ལ་དབང་བའི་ཀུང་སི་དང་མཛེས་དཔྱོད་གསོ་སྦྱོང་ལྟེ་གནས་བཙུགས་ཏེ། ད་བར་སེམས་ནུས་ཡོད་རྒུས་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་བོད་ཀྱི་དར་སོའི་བྱ་གཞག་དང་ཤོམ་འགྲོའི་སློབ་གསོའི་ཐད་འཇོག་གནང་མཛད།

图片15.png

 ཁོང་གིས། མི་མང་པོ་ཞིག་གིས་ང་རང་ལ་ཕྱིས་འབྱུང་མཛེས་དཔྱོད་ལྟེ་གནས་ཀྱི་ཡན་ལག་སློབ་གྲྭ་བོད་ཀྱི་ས་གནས་ཁག་ཏུ་འཛུགས་པའི་འཆར་གཞི་མེད་འགྲོ་ཞེས་སྐད་ཆ་དྲིས་མྱོང་། དྲང་པོ་ཞུས་ན། ཡན་ལག་ལྟེ་གནས་འཛུགས་པའི་ཐད་ངས་བསམ་བློ་མང་པོ་གཏོང་མ་མྱོང་། གང་ལགས་ཤེ་ན། ད་ལྟ་ངའི་སེམས་ནང་། མཐའ་ཡས་མེ་ཏོག་ཏུ་སློབ་སྦྱོང་བྱེད་པར་ཡོང་མཁན་གྱི་ཕྲུ་གུ་རྣམས་ནས་མི་ཚེ་གཅིག་ལ་ཤུགས་རྐྱེན་ཐེབས་པའི་དྲང་ནུས་ཀྱི་ཤེས་བྱ་མང་ཙམ་སྦྱོང་ཐུབ་པ་དང་། ཁོང་ཚོ་སྔར་བས་སྤྲོ་སྣང་ལྡན་པ་དང་། སྔར་བས་ཡིད་ཆེས་ལྡན་པ། སྔར་བས་རང་སྐྱ་འཕེར་བ། སྔར་བས་སེམས་རྩ་འཁོལ་བ་བཅས་བྱུང་ན་བསམ་པ་མ་གཏོགས་མེད། དེ་ཡང་ངས་བྱིས་པའི་མཛེས་དཔྱོད་ལྟེ་གནས་འཛུགས་པའི་ཐོག་མའི་བསམ་འདུན་ཡིན། གལ་སྲིད། ངས་མིང་གྲགས་དང་རྒྱུ་འབྱོར་པ་ཁོ་ན་བསམས་ནས། རང་ཉིད་ཀྱི་སེམས་ནུས་མི་འདང་བའི་གནས་ཚུལ་འོག སྔར་བཞིན་ས་ཕྱོགས་ཁག་ཏུ་མཛེས་དཔྱོད་ལྟེ་གནས་བཙུགས་ན། སྐབས་དེ་དུས་ལས་བྲེལ་ཆེ་དྲགས་ནས་སེམས་ནུས་ཡོད་རྒུ་ཕྲུ་གུ་ཚོའི་སྟེང་དུ་འཇོག་ཐབས་མེད། དེ་ནི་ངའི་ཐོག་མའི་བསམ་འདུན་དང་རྒྱབ་འགལ་དུ་ཕྱིན་སོང་ཞེས་གསུངས།

图片16.png
བོད་ཀྱི་ཁྱད་ལྡན་གྱོན་གོས་རིག་གནས་ཀྱི། ཡིད་དབང་འཕྲོག་ནུས་འཛམ་བུའི་གླིང་ལ་སྟོན།

འཇོན་ཐང་ཇི་ཙམ་ཆེ་ན། དེ་ཙམ་གྱི་འགན་འཁྲི་ལྕི། སྤྱི་ལོ2018ལོའི་ཟླ་བ8ཚེས18ཉིན། ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འཁྲབ་སྟོན་གྲས་ཤིག་ཡིན་པའི་ངོས་ནས། སྐལ་བཟང་མེ་ཏོག་རབ་ཏུ་བཞད་ཅེས་པའི་བོད་ལྗོངས་མི་རིགས་གྱོན་གོས་ཀྱི་ཇོ་རིའི་ཤོམ་སྟོན་དེ་མཚོ་འཕགས་སྨི་5200ཟིན་པའི་ཇོ་རིའི་སྒར་ས་ཆེན་མོར་ལེགས་འགྲུབ་ལྡན་པའི་ངང་གཉེར་ཡོད། སྐབས་དེ་དུས། བློ་བཟང་སྒྲོལ་མ་ལགས་ཀྱིས་ཁོང་གི་མངའ་འོག་གི་ཤོམ་འགྲོ་བ་རྣམས་ཁྲིད་དེ་ཁྱད་ཆོས་མངོན་པར་གསལ་ཞིང་དོན་སྙིང་ཆེས་ཆེར་ལྡན་པའི་རྒྱལ་སྤྱིའི་ས་བབ་མཐོ་ཤོས་ཀྱི་གྱོན་གོས་ཤོམ་སྟོན་ནང་ཞུགས།

图片17.png

ཇོ་རིའི་ཤོམ་སྟོན་ནི་ཁོང་གིས་ཐོག་མཐའ་བར་གསུམ་དུ་ལེགས་སྒྲུབ་བྱེད་སྙམ་པའི་བོད་རིགས་ཀྱི་གྱོན་གོས་འགྲེམས་སྟོན་བྱེད་པའི་གར་སྟེགས་ཆེ་ཤོས་གྲས་ཤིག་རེད་ལ། བོད་རིགས་ཀྱི་སྲོལ་རྒྱུན་གྱོན་གོས་རིག་གནས་རྒྱལ་སྤྱིའི་ཤོམ་རར་སྐྱོད་རྒྱུ་དེའང་ཁོང་གི་ལོ་མང་རིང་གི་ཕུགས་འདུན་ཞིག་ཀྱང་རེད། དེའི་རྗེས་སུ། གོ་སྐབས་ཡོད་རིམ་བཞིན། ཁོང་གིས། རྒྱལ་ནང་དང་རྒྱལ་སྤྱིའི་ཤོམ་འགྲོའི་གར་སྟེགས་མང་པོ་ཞིག་གི་ཐོག་ཏུ་བོད་ཀྱི་གྱོན་གོས་འགྲེམས་སྟོན་བྱེད་པའི་ཤོམ་འགྲོའི་ལེའུ་ལོགས་སུ་བཀོད་སྒྲིག་བྱེད་པའི་རེ་ཞུ་བྱས་ཏེ་བོད་རིགས་ཀྱི་གྱོན་གོས་རིག་གནས་ལ་དགའ་ཞེན་དང་དོ་སྣང་ཆེ་བའི་སྐྱེ་བོའི་ཚོགས་ལ་གང་དེའི་མཛེས་དཔྱོད་དང་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ངོ་སྤྲོད་ཞུ་གང་ཐུང་གནང་གི་ཡོད།

图片18.png
གནའ་དེང་ཟུང་སྦྲེལ་དར་སྲོལ་རིག་གནས་ཀྱི། བོད་ཤོམ་མཚན་མོའི་ལེའུ་གསར་པ་བཏོད།

ད་ལོའི་སྟོན་ཁར། བློ་བཟང་སྒྲོལ་མ་ལགས་ཀྱི་མཐའ་ཡས་མཛེས་དཔྱོད་གསོ་སྦྱོང་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་སྲོལ་རྒྱུན་དང་དེང་རབས་འདྲེས་མ་དང་། རང་ས་ཅན་དང་རྒྱལ་སྤྱི་ཅན་འདྲེས་མའི་མིག་ཡིད་གཉིས་ཀྱི་གསོས་སུ་གྱུར་བའི་དར་སྲོལ་དགའ་སྟོན་ཆེན་མོ་“བོད་ཤོམ་གྱི་མཚན་མོ་”ཞེས་པའི་བྱེད་སྒོ་ཞིག་ལྷ་སར་གཉེར་ཡོད། དར་སྲོལ་རྒྱས་འཛོམས་ཆེན་མོ་དེ་གནས་ཚད་མཐོ་བའི་ཤོམ་ར་དང་སྐར་ཆེན་རོལ་དབྱངས་དོ་ར་ཞེས་ཁག་གཉིས་སུ་དབྱེ་ཞིང་། ཐུན་མིན་ཁྱད་ཆོས་མངའ་བའི་སྒྱུ་རྩལ་དང་ཕུན་སུམ་ཚོགས་པའི་ནང་དོན་ལས་བོད་ལྗོངས་ཀྱི་གཞོན་ནུར་དར་སྲོལ་རིག་གནས་ཀྱི་དྲང་ནུས་མྱོང་རོལ་བྱེད་པའི་སྟེགས་བུ་ཞིག་བཏོད་ཡོད་ལ། དར་སྲོལ་གྱི་རིག་གནས་དེ་གངས་ལྗོངས་ས་མཐོར་དར་རྒྱས་གོང་འཕེལ་ཡོང་བར་མཐུན་རྐྱེན་བཟང་པོ་སྐྲུན་ཡོད།

图片19.png

དར་སྲོལ་རྒྱས་འཛོམས་དེ་འདྲ་ཞིག་གཉེར་བར་དོན་སྙིང་ཅི་ཞིག་ལྡན་ཡོད་དམ་ཞེ་ན། བློ་བཟང་སྒྲོལ་མ་ལགས་ཀྱིས། བོད་ཤོམ་གྱི་མཚན་མོ་ཞེས་པ་ནི་དར་སྲོལ་རྒྱས་འཛོམས་རང་ག་བ་ཞིག་མ་ཡིན་པར། དེ་ནི་རིག་གནས་སྤེལ་རེས་དང་བསམ་བློ་བརྗེ་རེས་ཤིག་རེད། ཆབས་ཅིག བོད་ཤོམ་གྱི་མཚན་མོ་ཞེས་པའི་དར་སྲོལ་རྒྱས་འཛོམས་དེས་བོད་ལྗོངས་ཀྱི་དར་སྲོལ་ལས་རིགས་གོང་འཕེལ་ཡོང་རྒྱུར་གསོན་ཤུགས་དང་སྒུལ་ཤུགས་གསར་པ་བསྣན་ཡོད་པས། མི་དེ་བས་མང་བས་བོད་ལྗོངས་ཀྱི་དར་སྲོལ་རིག་གནས་ལ་དོ་སྣང་དང་དོ་ཁུར་ཡོང་བ་བྱས་ཏེ་བོད་ལྗོངས་ཀྱི་དར་སྲོལ་ཐོན་ལས་ལ་གོང་འཕེལ་གྱི་བར་ཁམས་དང་གོ་སྐབས་ཀྱང་མང་པོ་ཞིག་སྦྱིན་ཡོད་ཅེས་གསུངས།

图片20.png

མིག་སྔའི་བར། མཐའ་ཡས་མེ་ཏོག་མཛེས་དཔྱོད་ལྟེ་གནས་ཀྱིས་བོད་ལྗོངས་ཀྱི་ས་གནས་ཁག་ནས་ཡོང་བའི་བྱིས་པ་ཤོམ་འགྲོ་བ1000ལྷག་གསོ་སྐྱོང་གནང་བས་ལྗོངས་ཕྱི་ནང་དུ་སྐད་གྲགས་ཅུང་ཟད་ལྡན་ཡོད། ཁོང་གི་མཛེས་དཔྱོད་ལྟེ་གནས་ཀྱི་ལས་སྒོའི་གྲས་སུའང་བྱིས་པའི་ཤོམ་འགྲོ་དང་། བྱིས་པའི་གུས་ལུགས། ཁྱིམ་ཚང་སློབ་གསོ་སོགས་རྣམ་པ་མང་པོ་ཞིག་འདུས་ཡོད། ཁོང་གིས་གསོ་སྐྱོང་གནང་བའི་ཕྲུ་གུ་ཚོ་ཡང་རྒྱལ་སྤྱིའི་བྱིས་པའི་དར་སྲོལ་གྱོན་གོས་གཟའ་འཁོར་དང་དེ་བཞིན་རྒྱལ་ཡོངས་རང་བཞིན་གྱི་འགྲན་བསྡུར་ཆེན་མོ་སོགས་སུ་ཞུགས་མྱོང་ལ། ཨང་དང་པོ་དང་གཉིས་པ། གསེར་གྱི་བྱ་དགའ་སོགས་མང་པོ་ཞིག་ཀྱང་བླངས་མྱོང་ངོ་། །

图片21.png

图片22.png

图片23.png


མཉམ་སྤྱོད།