རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།
མདོ་དབུས་མཐོ་སྒང་ནི་ཀྲུང་གོའི་མཚེའུ་ཆེས་གཅིག་བསྡུས་ཆེ་བའི་ས་ཁུལ་ཡིན་ལ། མཚེའུ་མང་པོ་སྐར་ཚོགས་ས་ལ་བཀྲམ་པའམ་མུ་ཏིག་གྲངས་མེད་ཀྱིས་ཕྲ་བཏབ་པ་བཞིན་མཐའ་ཡས་པའི་མཐོ་སྒང་དེ་རུ་ཁྱབ་ཡོད། མཚེའུ་ལ་ལ་མེ་ལོང་ཞིག་དང་འདྲ་བར་ཁུ་སིམ་མེར་གངས་རིའི་དྭངས་གཙང་དང་ནམ་མཁའི་མཐིང་མདོག་ལྡོག་གཟུགས་སུ་ཤར་ནས་ཡོད་ལ། ལ་ལས་རླབས་རིས་ཤིག་ཤིག་བྱེད་བཞིན་འཁྱགས་ཀླུང་ཞུ་ཚུལ་དང་ནམ་ཟླའི་འགྱུར་ལྡོག་ཟིན་ཐོར་འགོད་བཞིན་ཡོད། ཆུ་ཡི་ཐིགས་པ་རེ་རེ་ཡིས་ས་གཤིས་གྲུབ་ཚུལ་གྱི་རྔམ་བརྗིད་སྙན་ངག་དང་སྐྱེ་ཁམས་མ་ལག་གི་འཆམ་མཐུན་རོལ་མོ་རྩོམ་བཞིན་ཡོད་ལ། མཚེའུ་རེ་རེ་ཡིས་རང་བྱུང་ཁམས་ཆེན་མོའི་གནང་སྦྱིན་དང་ས་གཤིས་ཀྱི་གསང་བ་བཏེགས་ནས། ལོ་ངོ་དུང་ཕྱུར་རིང་གི་སའི་གོ་ལའི་འགྱུར་ལྡོག་དང་ཚེ་སྲོག་གི་ངོ་མཚར་རྗོད་བཞིན་ཡོད།
མདོ་དབུས་མཐོ་སྒང་གི་སྐར་ཚོགས་ས་ལ་བཀྲམ་འདྲའི་མཚེའུ།
མདོ་དབུས་མཐོ་སྒང་དུ་མཚེའུ་མང་བའི་རྒྱུ་རྐྱེན།
མདོ་དབུས་མཐོ་སྒང་གི་མཚེའུའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་མཚེའུའི་རྒྱ་ཁྱོན་གྱི45%ཡན་ཟིན་ལ། གཏིང་ཚད་ཟབ་ཅིང་ཆུ་འབོར་གཞན་ལས་མང་། ཚྭ་མེད་མཚེའུ་ཆེན་པོ་ལྔ་ཡི་ཆུ་འབོར་བསྡོམས་ནའང་མཚོ་སྔོན་པོ་གཅིག་པུའི་ཆུ་འབོར་ལ་མི་དོ། མཚེའུ་ཆགས་པར་གཞི་རྩའི་ཆ་རྐྱེན་གཉིས་དགོས་ཏེ། གཅིག་ནི་མཚེའུ་གཞོང་དང་གཉིས་ནི་ཆུ་འདང་ངེས་དགོས།
1.ས་གཤིས་ཀྱི་གྲུབ་ཚུལ། མདོ་དབུས་མཐོ་སྒང་ནི་དུམ་ལེབ་ཀྱི་འདྲེས་མཚམས་སུ་ཡོད་པས། ས་ཤུན་ཡར་འཕགས་པ་དང་མར་ཆག་པ། ཆད་པ། གཉེར་བ་སོགས་ཀྱི་བྱེད་ནུས་འོག་གཞོང་ས་མང་པོ་གྲུབ་པ་དང་། དེ་དག་མཚེའུ་ཆགས་པའི་ས་གནས་ལེགས་པོར་གྱུར་པ་རེད།
2.འཁྱགས་ཀླུང་གི་བྱེད་ནུས། མདོ་དབུས་མཐོ་སྒང་དུ་འཁྱགས་ཀླུང་མང་པོ་ཡོད་ལ། འཁྱགས་ཀླུང་གི་བསླད་སྐྱོན་དང་སྐྱེལ་འདྲེན། སྤུངས་གསོག་སོགས་ཀྱི་བྱེད་ནུས་ཀྱིས་མཚེའུ་ཆགས་པར་ཆ་རྐྱེན་འདོན་སྤྲོད་བྱས། འཁྱགས་ཀླུང་ཞུ་རྗེས། རི་ཁུལ་གྱི་གཞོང་ས་དང་གྲོག་རོང་སོགས་སུ་ཆུ་འཁྱིལ་ནས་མཚེའུ་ཆགས་ཏེ་འཁྱགས་ཀླུང་མཚེའུ་དང་འགགས་མཚེའུ་མང་པོ་གྲུབ་པ་རེད། གཞན་འཁྱགས་ཀླུང་ཞུ་བ་ཡིས་མཚེའུ་ལ་གཏན་འཇགས་ཀྱི་ཆུ་ཁུངས་ཁ་གསབ་བྱས་ཡོད།
3.ས་དབྱིབས་ཀྱི་ལེགས་ཆ། མདོ་དབུས་མཐོ་སྒང་གི་མཚོ་འཕགས་མཐོ་ལ་མཁའ་དབུགས་དྲོད་ཚད་དམའ་བ་དང་། ཆར་ཆུའི་འབབ་ཚད་ལྟོས་བཅས་ཀྱིས་ཅུང་ཉུང་ནའང་རླངས་འགྱུར་ཚད་ཞན་པས། ཆུ་ཆ་གསོག་ཉར་བྱས་པ་ཅུང་བཟང་། ང་ཚོས་དོ་སྣང་བྱེད་བཞིན་པ་ནི་ཆར་ཆུའི་འབབ་ཚད་མིན་པར་ཆུ་ཆའི་ཁེ་གྱོང་ཚད་ཡིན། ཆུ་ཆའི་ཁེ་གྱོང་ཚད=ཆར་ཆུ་འབབ་ཚད-རླངས་འགྱུར་ཚད་ལྟར་ཡིན་པས། མདོ་དབུས་མཐོ་སྒང་གི་ཆུ་ཆའི་ཁེ་གྱོང་ཚད་ནི219mmཡིན་ལ། འབྲི་ཆུའི་དབུས་རྒྱུད་ཧོང་ཧུའུ་ས་ཆར-180mmཡིན།(གཤམ་གྱི་དཔེ་རིས་ལས་གསལ།)
མདོ་དབུས་མཐོ་སྒང་།
འབྲི་ཆུའི་དབུས་རྒྱུད་ཧོང་ཧུའུ།
མཚེའུའི་སྐྱེ་ཁམས་དང་ཁོར་ཡུག་གི་དོན་སྙིང་།
1.ཆུའི་ཐོན་ཁུངས་འདོན་སྤྲོད། མཚེའུ་ནི་ཆུའི་ཐོན་ཁུངས་མཛོད་གལ་ཆེན་ཞིག་ཡིན་པས། ཉེ་འཁོར་ས་ཆར་ཚྭ་མེད་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱས་ཏེ། ཞིང་ལས་དང་འབྲོག་ལས། སྡོད་དམངས་ཀྱིས་ཆུ་སྤྱོད་པ་སོགས་ལ་ཕན་ཐོགས་ཡོད།
2.སྐྱེ་དངོས་སྣ་མང་རང་བཞིན། མཚེའུ་དང་ཉེ་འཁོར་གྱི་རླན་ས་ནི་མཐོ་སྒང་ས་ཆའི་སྐྱེ་ཁམས་མ་ལག་གལ་ཆེན་ཞིག་ཡིན་ལ། དེ་རུ་སྲོག་ཆགས་དང་རྩི་ཤིང་རྩ་ཆེན་མང་པོ་ཡོད་པར་མ་ཟད། འདབ་ཆགས་མང་པོས་མཚེའུའི་རླན་ས་རུ་རྒྱུད་སྤེལ་ཞིང་འཚོ་བ་རོལ་བཞིན་ཡོད་དེ། དཔེར་ན་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་ལྟ་བུའོ།
ཁྲུང་ཁྲུང་སྐེ་ནག
ཁྲུང་ཁྲུང་མགོ་ཁྲ།
3.ནམ་ཟླ་སྙོམ་སྒྲིག རླངས་འགྱུར་དང་ཆར་བའི་འཁོར་རྒྱུག་ལ་བརྟེན་ནས་ཁུལ་ཁོངས་ཀྱི་ནམ་ཟླ་སྙོམ་སྒྲིག་ཐུབ་པར་མ་ཟད། མཐོ་སྒང་གནམ་གཤིས་ཀྱི་ཐལ་མཐའི་འགྱུར་ལྡོག་ཇེ་ཉུང་ལ་གཏོང་ཐུབ།
མཚེའུ་ལ་སྲུང་སྐྱོབ་བྱེད་ཐབས།
སའི་གོ་ལ་ཧྲིལ་བོའི་ནམ་ཟླའི་འགྱུར་ལྡོག་དང་མིའི་རིགས་ཀྱི་འགུལ་སྐྱོད་ཤུགས་རྐྱེན་དང་བསྟུན་ནས། མདོ་དབུས་མཐོ་སྒང་གི་མཚེའུའི་སྐྱེ་ཁམས་ཁོར་ཡུག་གིས་ཛ་དྲག་ཆེ་བའི་འགྲན་སློང་ཞིག་ལ་གདོང་གཏད་ཡོད་ཅིང་། མཚེའུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པར་ཕྱོགས་བསྡུས་ཀྱི་བྱེད་ཐབས་སྤྱོད་དགོས།
1.རྟོག་འཇལ་དང་ཞིབ་འཇུག་ལ་ཤུགས་སྣོན་པ། མཚེའུའི་སྐྱེ་ཁམས་ཁོར་ཡུག་གི་རྟོག་འཇལ་མ་ལག་བཙུགས་ཏེ། ཚན་རིག་གི་ཞིབ་འཇུག་སྤེལ་ནས་མཚེའུའི་འགྱུར་ལྡོག་གི་ཆོས་ཉིད་ལ་རྒྱུས་ལོན་བྱེད་པ།
2.སྲུང་སྐྱོབ་བྱེད་ཐབས་ལག་བསྟར་བྱེད་པ། མཚེའུར་སྲུང་སྐྱོབ་བྱེད་པའི་ཁྲིམས་སྲོལ་གཏན་འབེབས་དང་ལག་བསྟར་བྱས་ནས། སྦགས་བཙོག་ཁུངས་ལ་ཚོད་འཛིན་དང་སྐྱེ་ཁམས་སླར་གསོ་ལ་ཤུགས་སྣོན་པ།
3.སྤྱི་དམངས་ཀྱི་འདུ་ཤེས་མཐོར་འདེགས་གཏོང་བ། དྲིལ་སྒྲོག་སློབ་གསོ་ལ་བརྟེན་ནས་སྤྱི་དམངས་ཀྱི་མཚེའུ་ལ་སྲུང་སྐྱོབ་བྱེད་པའི་གོ་རྟོགས་མཐོར་འདེགས་དང་སྲུང་སྐྱོབ་བྱེད་སྒོར་ཞུགས་པར་ཡར་སྐུལ་བྱེད་པ།