དེ་རིང་ནི2024ལོའི་ཟླ10པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ང་ཚོས་མཉམ་དུ《དམངས་དོན་ཁྲིམས་གཞུང》སློབ།

2024-09-26 09:11:23   |   285

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


དོན་ཚན་ཉི་ཤུ་པ། རང་ལོ་བརྒྱད་ལ་མ་སོན་པའི་བྱིས་པ་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་ཡིན་པས། དེའི་ཁྲིམས་བཀོད་ལས་ཚབ་པས་ཁོའི་ཚབ་བྱས་ནས་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་སྤེལ་དགོས།

དོན་ཚན་ཉེར་གཅིག་པ། རང་ཉིད་ཀྱི་བྱ་སྤྱོད་ངོས་འཛིན་བྱེད་མི་ཐུབ་པའི་བྱིས་པ་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་ཡིན་པས། དེའི་ཁྲིམས་བཀོད་ལས་ཚབ་པས་ཁོའི་ཚབ་བྱས་ནས་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་སྤེལ་དགོས།

རང་ཉིད་ཀྱི་བྱ་སྤྱོད་ངོས་འཛིན་བྱེད་མི་ཐུབ་པའི་ལོ་བརྒྱད་ཡན་གྱི་བྱིས་པར་དོན་ཚན་གོང་མའི་གཏན་འབེབས་སྤྱད་འཐུས།

དོན་ཚན་ཉེར་གཉིས་པ། རང་ཉིད་ཀྱི་བྱ་སྤྱོད་རྦད་དེ་ངོས་འཛིན་བྱེད་མི་ཐུབ་པའི་དར་མ་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མི་ཡིན། དེས་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་སྤེལ་ན་ཁོའི་ཁྲིམས་བཀོད་ལས་ཚབ་པས་ལས་ཚབ་བྱེད་པའམ་ཡང་ན་ཁོའི་ཁྲིམས་བཀོད་ལས་ཚབ་པ་ཡིད་འཐད་འབྱུང་བ་དང་རྗེས་ནས་ཁས་ལེན་བྱེད་དགོས། ཡིན་ན་ཡང་ཁེ་ཕན་རྐྱང་རྐྱང་ལེན་པའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་དམ་དེའི་རིག་སྟོབས་དང་སེམས་ཁམས་བདེ་ཐང་གི་གནས་ཚུལ་དང་འཚམ་པའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་རང་ཚུགས་ཀྱིས་སྤེལ་ཆོག

དོན་ཚན་ཉེར་གསུམ་པ། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མིའི་ལྟ་སྐྱོང་པ་ནི་དེའི་ཁྲིམས་བཀོད་ལས་ཚབ་པ་ཡིན།

དོན་ཚན་ཉེར་བཞི་པ། རང་ཉིད་ཀྱི་བྱ་སྤྱོད་ངོས་འཛིན་བྱེད་མི་ཐུབ་པའམ་རྦད་དེ་ངོས་འཛིན་བྱེད་མི་ཐུབ་པའི་དར་མ་ཡིན་ན། དེ་དང་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིའམ་རྩ་འཛུགས་ཀྱིས་མི་དམངས་ཁྲིམས་ཁང་ལ་དར་མ་དེ་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིའམ་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མིར་ངོས་འཛིན་བྱེད་པའི་རེ་འདུན་ཞུས་ཆོག

མི་དམངས་ཁྲིམས་ཁང་གིས་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིའམ་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མིར་ངོས་འཛིན་བྱས་པ་ཡིན་ན། རང་ཉིད་དང་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མིའམ་འབྲེལ་ཡོད་རྩ་འཛུགས་ཀྱིས་རེ་འདུན་ཞུས་པ་བརྒྱུད། མི་དམངས་ཁྲིམས་ཁང་གིས་ཁོའི་རིག་སྟོབས་དང་སེམས་ཁམས་བདེ་ཐང་སླར་གསོའི་གནས་ཚུལ་གཞིར་བཟུང་སྟེ། དར་མ་དེ་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མིའམ་ཡང་ན་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་པའི་མིར་སླར་གསོ་བྱུང་བར་ངོས་འཛིན་བྱེད་ཆོག

དོན་ཚན་འདིའི་ནང་བསྟན་པའི་འབྲེལ་ཡོད་རྩ་འཛུགས་ཀྱི་ཁོངས་སུ་སྡོད་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། སློབ་གྲྭ། སྨན་བཅོས་ལས་ཁུངས། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ཁྲིམས་ལྟར་བཙུགས་པའི་རྒན་པའི་རྩ་འཛུགས། དམངས་སྲིད་སྡེ་ཁག་སོགས་འདུ།                                            


མཉམ་སྤྱོད།