དོན་ཚན་དང་པོ། རེ་ཞུ་ལྟར་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་བྱེད་པའི་བྱ་བ་ཚད་ལྡན་དུ་གཏོང་བ་དང་། སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱིས་ཁྲིམས་ལྟར་སྲིད་གཞུང་གི་ཆ་འཕྲིན་རག་ཐབས་དང་སྲིད་གཞུང་གི་ཆ་འཕྲིན་གྱིས་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ། དཔལ་འབྱོར། སྤྱི་ཚོགས་བཅས་ལ་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་འབོད་པ་ཡིན)དང་《མཚོ་སྔོན་ཞིང་ཆེན་གྱི་རེ་ཞུ་ལྟར་སྲིད་གཞུང་གི་ཆ་འཕྲིན་སྤྱི་བསྒྲགས་བྱེད་ཐབས》གཞིར་བཟུང་ཐོག ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱེད་ཐབས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། བྱེད་ཐབས་འདིར་འབོད་པའི་རེ་ཞུ་ལྟར་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་བྱེད་པ་ཅེས་པ་ནི། སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་དག་(གཤམ་དུ་རེ་འདུན་ཞུ་མཁན་ཞེས་འབོད་རྒྱུ)གིས་ཁྲིམས་ལྟར་རིམ་པ་ཁག་གི་མི་དམངས་སྲིད་གཞུང་དང་དེའི་བྱ་བའི་སྡེ་ཁག་དང་། དེ་བཞིན་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་དབང་ཆ་སྤྲད་པའི་རྩ་འཛུགས(གཤམ་དུ་སྤྱི་བསྒྲགས་འོས་མི་ཞེས་འབོད་རྒྱུ)ལ་འབྲེལ་ཡོད་སྲིད་གཞུང་ཆ་འཕྲིན་ཐོབ་པར་རེ་ཞུ་བྱེད་པའི་བྱ་འགུལ་ལ་ཟེར།
དོན་ཚན་གསུམ་པ། རེ་ཞུ་ལྟར་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་བྱེད་པ་དེས་ཁྲིམས་མཐུན་དང་ཡང་དག་པ། དམངས་ལ་སྟབས་བདེ་བ། ལས་ཆོད་ཀྱི་རྩ་དོན་བརྩི་སྲུང་བྱེད་དགོས།
དོན་ཚན་བཞི་པ། སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་སྡེ་ཁག་གི་གཞུང་ལས་ཁང་གིས་རེ་འདུན་ཞུ་མཁན་གྱིས་བཏོན་པའི་སྲིད་གཞུང་ཆ་འཕྲིན་རེ་ཞུ་དེར་གཅིག་གྱུར་གྱིས་བདག་སྤྲོད་བྱེད་འགན་འཁུར་བ་དང་། རེ་ཞུ་ལྟར་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རང་འགུལ་ངང་སྤྱི་ཚོགས་ལ་ལས་ཁུངས་ཀྱི་མིང་དང་གཞུང་དོན་སྒྲུབ་ཡུལ། དུས་ཚོད། གློག་རྡུལ་སྦྲག་ཡིག་གི་ས་གནས། བརྙན་སྐྱེལ་དང་སྦྲག་ཨང་སོགས་ཀྱི་འབྲེལ་གཏུག་བྱེད་སྟངས་མཁོ་འདོན་བྱས་ནས་རེ་འདུན་ཞུ་མཁན་གྱིས་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་རེ་ཞུ་བྱེད་པའམ་བློ་འདྲི་བྱེད་སྒོ་ལ་སྟབས་བདེ་བཟོ་དགོས།
དོན་ཚན་ལྔ་པ། རེ་འདུན་ཞུ་མཁན་གྱིས་རེ་ཞུ་ལྟར་ཐོབ་པའི“སྲིད་གཞུང་གི་ཆ་འཕྲིན”ཁྲིམས་མཐུན་ངང་སྤྱོད་དགོས་པ་ལས། རེ་ཞུ་བྱས་པ་བརྒྱུད་ཐོབ་པའི་སྲིད་གཞུང་གི་ཆ་འཕྲིན་བེད་སྤྱད་ནས་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་མི་ཆོག
དོན་ཚན་དྲུག་པ། རེ་འདུན་ཞུ་མཁན་གྱིས་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་བྱ་རྒྱུའི་རེ་འདུན་ཞུ་སྐབས། ཡིག་ཐོག་གི་རྣམ་པ་(གློག་རྡུལ་ཡིག་ཆ་ཚུད་པ)བེད་སྤྱོད་བྱེད་དགོས། སྤྱི་བསྒྲགས་བྱེད་པོ་ལ་དངོས་སུ་རེ་ཞུ་ཡིག་ཆ་འབུལ་བ་དང་སྦྲག་ཐོག་ཡིག་སྐུར། བརྙན་སྐྱེལ་བྱེད་པའམ་ཡང་ན་གློག་རྡུལ་འཕྲིན་ཡིག་སོགས་ཀྱི་བྱེད་ཐབས་བརྒྱུད་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་བྱ་རྒྱུའི་རེ་ཞུ་བྱེད་དགོས།
ཡིག་ཐོག་ནས་རེ་འདུན་ཞུ་བར་དངོས་གནས་དཀའ་ངལ་ཡོད་ན། ངག་ཐོག་ནས་རེ་འདུན་ཞུས་ཆོག་ཅིང་། ཞུ་ཡིག་དེ་ཉིད་བདག་སྤྲོད་བྱེད་མཁན་གྱི་སྲིད་འཛིན་ལས་ཁུངས་ཀྱིས་རེ་འདུན་ཞུ་མཁན་གྱི་ཚབ་བྱས་ཏེ་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཀྱི་ཞུ་ཡིག་འབྲི་དགོས།
དོན་ཚན་བདུན་པ། སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཀྱི་རེ་ཞུ་ལ་གཤམ་གྱི་ནང་དོན་དག་འདུ་དགོས་ཏེ།
(གཅིག)རེ་འདུན་ཞུ་མཁན་གྱི་རུས་མིང་དང་སྡོད་གནས། ཐོབ་ཐང་དཔང་རྟགས། འབྲེལ་གཏུག་བྱེད་སྟངས་སོགས་གཞི་རྩའི་གནས་ཚུལ།
(གཉིས། )སྤྱི་བསྒྲགས་རེ་བ་ཞུས་པའི་སྲིད་གཞུང་ཆ་འཕྲིན་གྱི་ནང་དོན་བཀོད་པ།
(གསུམ)སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་བྱེད་པའི་རེ་ཞུའི་རྣམ་པའི་བླང་བྱ།
དོན་ཚན་བརྒྱད་པ། སྤྱི་བསྒྲགས་འོས་མི་ལ་རེ་འདུན་ཡི་གེ་འབྱོར་རྗེས། དུས་ལྟར་རེ་འདུན་ཞུས་པར་ཐོ་འགོད་དང་ཨང་སྒྲིག་བྱེད་དགོས་པ་མ་ཟད། ཐོག་མའི་ཞིབ་བཤེར་བྱེད་དགོས། རང་ལས་ཁུངས་སམ་ཡང་ན་རྩ་འཛུགས་ཀྱི་ཆ་འཕྲིན་ཡིན་རིགས། རེ་འདུན་ཞུ་མཁན་ལ་རེ་འདུན་དང་ལེན་བྱས་པའི་ཡི་གེ་སྐྱེལ་དགོས། རང་ལས་ཁུངས་ཀྱི་ཆ་འཕྲིན་ཀྱི་ཁོངས་སུ་མི་གཏོགས་ན། རེ་འདུན་ཞུ་མཁན་ལ་གནས་ཚུལ་གསལ་བཤད་བྱེད་དགོས་པ་མ་ཟད། རེ་འདུན་ཞུ་མཁན་ལ་རེ་འདུན་ཞུ་ཡིག་དེའི་བདག་སྤྲོད་བྱེད་འགན་ཡོད་པའི་སྤྱི་བསྒྲགས་འོས་མི་ལས་ཁུངས་གང་ཡིན་པ་ཤེས་སུ་འཇུག་དགོས།
དོན་ཚན་དགུ་པ། སྤྱི་བསྒྲགས་འོས་མིས་རེ་ཞུ་དང་ལེན་བྱས་རྗེས་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཀྱི་གསང་སྲུང་ཞིབ་བཤེར་གྱི་འབྲེལ་ཡོད་གཏན་འབེབས་ལྟར་གསང་སྲུང་ཞིབ་བཤེར་བྱེད་དགོས།
དོན་ཚན་བཅུ་པ། སྤྱི་བསྒྲགས་འོས་མིས་རེ་འདུན་དང་ལེན་བྱས་རྗེས། གཤམ་གྱི་གཏན་འབེབས་ལྟར་སོ་སོར་ལན་འདེབས་དགོས།
(གཅིག)སྤྱི་བསྒྲགས་བྱེད་ཁོངས་སུ་གཏོགས་པའི་སྲིད་གཞུང་གི་ཆ་འཕྲིན་དེ། རེ་འདུན་ཞུ་མཁན་ལ་ཆ་འཕྲིན་ཐོབ་པའི་དུས་ཚོད་དང་གནས་ཡུལ། བྱེད་སྟངས་བཅས་ཤེས་སུ་འཇུག་དགོས།
(གཉིས།)ཁག་ཅིག་སྤྱི་བསྒྲགས་བྱས་ཆོག་པའི་སྲིད་གཞུང་ཆ་འཕྲིན་ཡིན་ན། རེ་འདུན་ཞུ་མཁན་ལ་ཆ་འཕྲིན་ཐོབ་པའི་དུས་ཚོད་དང་གནས་ཡུལ། བྱེད་སྟངས་བཅས་ཤེས་སུ་འཇུག་པ་དང་ཆབས་ཅིག རེ་འདུན་ཞུ་མཁན་ལ་དེ་ལས་ཁག་ཅིག་སྤྱི་བསྒྲགས་མི་བྱེད་པའི་རྒྱུ་མཚན་དང་དེ་བཞིན་ཐོབ་ཐབས་ཀྱི་ཐབས་ལམ་ཤེས་སུ་འཇུག་དགོས།
(གསུམ། )སྤྱི་བསྒྲགས་མི་བྱེད་པའི་སྲིད་གཞུང་ཆ་འཕྲིན་ཡིན་ཕྱིན། རེ་འདུན་ཞུ་མཁན་ལ་སྤྱི་བསྒྲགས་མི་བྱེད་པའི་རྒྱུ་མཚན་གསལ་བཤད་བྱེད་དགོས།
(བཞི།)སྤྱི་བསྒྲགས་བྱེད་པར་རེ་འདུན་ཞུས་པའི་སྲིད་གཞུང་གི་ཆ་འཕྲིན་དེ་མེད་ན། རེ་འདུན་ཞུ་མཁན་ལ་གནས་ཚུལ་གསལ་བཤད་བྱེད་དགོས།
(ལྔ།)རེ་ཞུའི་ནང་དོན་ཁ་གསལ་མིན་ན། རེ་འདུན་ཞུ་མཁན་ལ་དག་བཅོས་དང་ཁ་གསབ་རེ་ཞུའི་ནང་དོན་གསལ་བཤད་བྱེད་དགོས།
དོན་ཚན་བཅུ་གཅིག སྤྱི་བསྒྲགས་འོས་མིར་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཀྱི་རེ་ཞུ་འབྱོར་རྗེས། མྱུར་བར་ལན་འདེབས་ཐུབ་ཚེ་ས་དེ་གར་ལན་འདེབས་དགོས། ས་དེ་གར་ལན་འདེབས་མི་ཐུབ་པའི་རིགས་དེ་ཞུ་ཡིག་འབྱོར་ཉིན་ནས་བཟུང་ལས་ཀའི་ཉིན་གྲངས་15ནང་ཚུན་དུ་ལན་འདེབས་དགོས། གལ་ཏེ་དུས་འགྱངས་བྱེད་དགོས་ཚེ། ཆ་འཕྲིན་སྤྱི་བསྒྲགས་སྡེ་ཁག་གི་འགན་འཁུར་བའི་ཆོག་མཆན་ཐོབ་དགོས་པ་མ་ཟད། རེ་འདུན་ཞུ་མཁན་ལ་དུས་འགྱངས་བྱེད་དགོས་པའི་རྒྱུན་མཚན་ཤེས་སུ་འཇུག་དགོས། འོན་ཀྱང་ལན་འདེབས་པའི་དུས་ཡུན་ལས་ཀའི་ཉིན་གྲངས15ལས་བརྒལ་མི་ཆོག རེ་འདུན་ཞུ་མཁན་གྱིས་སྦྲག་ཐོག་ནས་རེ་འདུན་ཞུས་ན། དེའི་དུས་ཚད་ནི་སྤྱི་བསྒྲགས་འོས་མིར་རེ་འདུན་ཞུ་ཡིག་ལག་འབྱོར་བྱུང་བའི་ཉིན་ནས་བརྩི་རྒྱུ།
དོན་ཚན་བཅུ་གཉིས། སྤྱི་བསྒྲགས་འོས་མིས་སྲིད་གཞུང་ཆ་འཕྲིན་མཁོ་སྤྲོད་བྱེད་པར། ཞིང་ཆེན་སྲིད་འཛིན་ལས་དོན་རང་བཞིན་གྱི་རིན་བསྡུ་ཞིབ་བཤེར་ཆོག་མཆན་སྡེ་ཁག་གིས་གཏན་འབེབས་བྱས་པའི་ཚད་གཞི་ལྟར་དཔྱད་འཚོལ་དང་བསྐྱར་དཔར། སྦྲག་ཐོག་ནས་བསྐུར་བ་སོགས་ཀྱི་གྲོན་དངུལ་བསྡུས་ཆོག སྲིད་འཛིན་ལས་ཁུངས་ཀྱིས་རྩ་འཛུགས་གཞན་དག་དང་མི་སྒེར་གྱིས་ཐབས་ལམ་བརྒྱུད་ནས་སྲིད་གཞུང་ཆ་འཕྲིན་འདོན་སྤྲོད་བྱེད་པར་རིན་དངུལ་བླངས་མི་ཆོག
གྲོང་ཁྱེར་དང་ཞིང་སྡེའི་མ་མཐའི་འཚོ་རྟེན་འགན་སྲུང་དང་ཡོང་འབབ་དམའ་ཞིང་དཀའ་ངལ་ཡོད་པའི་དུད་ཚང་། གཟིགས་སྐྱོང་བྱ་ཡུལ། དེ་བཞིན་ཞིང་སྡེའི་འགན་ལེན་ལྔའི་དུད་ཚང་སོགས་ཀྱི་དཔལ་འབྱོར་ཐད་ལ་དངོས་གནས་དཀའ་ངལ་ཡོད་རིགས་ལ། རང་གིས་རེ་འདུན་ཞུས་པ་དང་སྲིད་གཞུང་གི་ཆ་འཕྲིན་སྤྱི་བསྒྲགས་སྡེ་ཁག་གི་འགན་འཁུར་བས་ཞིབ་དཔྱད་མོས་མཐུན་བྱས་པ་བརྒྱུད་འབྲེལ་ཡོད་འགྲོ་གྲོན་རྩ་ཆག་བཏང་ཆོག
དོན་ཚན་བཅུ་གསུམ། སྤྱི་དམངས་དང་ཁྲིམས་མི། ཡང་ན་རྩ་འཛུགས་གཞན་དག་གིས་སྲིད་འཛིན་ལས་ཁུངས་ཀྱིས་གཏན་འབེབས་ལྟར་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཀྱི་འོས་འགན་མི་བསྒྲུབ་པར་འདོད་ན། གོང་རིམ་སྲིད་འཛིན་ལས་ཁུངས་དང་། ལྟ་ཞིབ་ལས་ཁུངས། ཡང་ན་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་བྱ་བའི་གཙོ་གཉེར་སྡེ་ཁག་ལ་ཞུ་སྦྱོར་ཐེར་འདོན་བྱས་ཆོག ཐེར་འདོན་ཞུ་གཏུག་བདག་སྤྲོད་བྱེད་མཁན་ལས་ཁུངས་ཀྱིས་དུས་ཐོག་ཏུ་བརྟག་དཔྱད་ཐག་གཅོད་བྱེད་དགོས་པ་མ་ཟད། ཐེར་འདོན་བྱེད་མཁན་ལ་མཇུག་འབྲས་གསལ་བཤད་ཀྱང་བྱེད་དགོས།
སྤྱི་དམངས་དང་ཁྲིམས་མི། ཡང་ན་རྩ་འཛུགས་གཞན་དག་བཅས་ཀྱིས་སྤྱི་བསྒྲགས་འོས་མིའི་བྱེ་བྲག་གི་སྲིད་འཛིན་བྱ་སྤྱོད་ཀྱིས་རང་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བར་སྙམ་ན། ཁྲིམས་ལྟར་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་ཞུ་དང་སྲིད་འཛིན་གཏུག་བཤེར་བྱས་ཆོག
དོན་ཚན་བཅུ་བཞི། སྤྱི་བསྒྲགས་འོས་མིས《སྲོལ་ཡིག》དང་བྱེད་ཐབས་འདིའི་གཏན་འབེབས་ལས་འགལ་ཏེ། སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་ཀྱི་འོས་འགན་ཁྲིམས་ལྟར་མི་བསྒྲུབ་པ་དང་། གཏན་འབེབས་ལས་འགལ་ནས་གྲོན་དངུལ་བསྡུ་ལེན་བྱེད་པ། དེ་བཞིན་སྤྱི་བསྒྲགས་བྱེད་མི་འོས་པའི་སྲིད་གཞུང་ཆ་འཕྲིན་སྤྱི་བསྒྲགས་བྱས་ན། 《སྲོལ་ཡིག》དང་འབྲེལ་ཡོད་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཆད་པ་གཅོད་དགོས། ནག་ཉེས་གྲུབ་ཡོད་ཚེ། ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།
དོན་ཚན་བཅོ་ལྔ། རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་ཀྱིས་རང་ལས་ཁུངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱེད་ཐབས་ཞིབ་ཕྲ་གཏན་འབེབས་བྱས་ཆོག
དོན་ཚན་བཅུ་དྲུག ལམ་ལུགས་འདིའི་གོ་ཆོད་དུས་ཡུན་ནི2014ལོའི་ཟླ10ཚེས23ཉིན་ནས2016ལོའི་ཟླ10ཚེས22ཉིན་བར་ཡིན།