དེ་རིང་ནི2024ལོའི་ཟླ12པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧེ་ལུང་ཅང་དུ་ལས་དོན་ཁང་འཛུགས་མཁན་བོད་རིགས་བུ་མོ།

2024-10-31 16:01:56   |   235

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   བཤེར་འབེབས། རིན་ཆེན་ཚེ་རིང་། 


2024ལོའི་ཟླ9པའི་ཚེས27ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ352དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར368ལ་གཟེངས་བསྟོད་ཐོབ་ཡོད། དེའི་ནང་བོད་རིགས་བུ་མོ་ཆོས་དབྱིངས་མཚོ་མོའི་མིང་བཏགས་པའི་ཧར་པིན་བཟོ་ལས་སློབ་ཆེན་གྱི་ཆོས་དབྱིངས་མཚོ་མོའི་དང་བླངས་ཞབས་ཞུའི་ལས་དོན་ཁང་འདི་ཉིད་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ལ་བདམས་ཡོད། འོ་ན། ཚོགས་པ་འདི་ནི་གང་འདྲ་ཞིག་ཡིན་ནམ།

图片1.png

ཆོས་དབྱིངས་མཚོ་མོས་ལས་དོན་ཁང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པ།

   ལོ་བཅུའི་རིང་ཕུགས་འདུན་མངོན་འགྱུར་གྱིས་མི་གཅིག་ནས་དཔུང་ཁག་གཅིག་བར་འཕེལ་རྒྱས་བྱུང་བ།

“མི་རིགས་ཁག་གི་སློབ་མ་ཚོ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་པ་ནི་ཧར་པིན་བཟོ་ལས་སློབ་ཆེན་གྱི་ཆོས་དབྱིངས་མཚོ་མོའི་དང་བླངས་ཞབས་ཞུའི་ལས་དོན་ཁང་གིས་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་པའི་ཐོག་མའི་བསམ་འདུན་ཡིན། ལས་དོན་ཁང་ནི2014ལོའི་ཟླ9པར་བཙུགས་ཤིང་། དེ་ནི་སློབ་གྲྭའི་ཏང་ཨུ་ཡི་སློབ་མའི་དཔེ་མཚོན་ལ་དམིགས་ནས་བཏོད་པའི་མི་རིགས་ལས་དོན་གྱི་སྤུས་རྟགས་ཤིག་རེད།
       ལོ་བཅུའི་རིང་། ལས་དོན་ཁང་གིས་མི་རིགས་ཁག་གི་སློབ་མའི་དབར་ཕན་ཚུན་རོགས་རམ་བྱེད་སའི་ལས་སྟེགས་བཏོད་པ་བརྒྱུད། མི་རིགས་ཁག་གི་སློབ་མ་ཚོས་ཧར་པིན་བཟོ་ལས་སློབ་ཆེན་དུ་ལང་ཚོའི་གཟི་མདངས་འཕྲོ་བར་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་སློབ་མར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ“བསམ་བློའི་ཁྲིད་སྟོན་དང་། སློབ་སྦྱོང་ལ་རྒྱབ་སྐྱོར། འཚོ་བའི་ཞབས་ཞུ། འཚར་ལོངས་ལ་སྐུལ་འདེད”བཅས་ཕྱོགས་བཞི་གཞི་གཅིག་གི་ལས་ཀའི་མ་ལག་ཅིག་གྲུབ་ཡོད།

图片2.png

2018ལོར་ཆོས་དབྱིངས་མཚོ་མོས་ལས་དོན་ཁང་གི་སློབ་གྲོགས་ཚོ་དང་མཉམ་པར་རྒྱག་བཞིན་པ།

  ལས་དོན་ཁང་འཛུགས་མཁན་དང་མཛུབ་ཁྲིད་དགེ་རྒན་ཆོས་དབྱིངས་མཚོ་མོ་ནི་བོད་ལྗོངས་ཆབ་མདོ་ནས་ཡིན་ཞིང་། 2009ལོར་ལྷ་ས་སློབ་འབྲིང་ནས་ཧར་པིན་བཟོ་ལས་སློབ་ཆེན་དུ་རྒྱུགས་འཕྲོད་ཡོད། བོད་ལྗོངས་མཛོ་སྒང་རྫོང་ཀྲུང་གླིང་ཞང་བསུ་གྲུ་ཁ་གྲོང་ཚོའི་སློབ་གྲྭ་ཆེན་མོ་བ་དང་པོ་ཡིན་པའི་ཁོང་ཀྲུང་གོའི་ཆེས་ནུབ་ཤོས་ནས་ཤར་ཤོས་སུ་ཡོང་སྟེ་སློབ་གཉེར་གྱི་ལས་ལ་གཞོལ་མགོ་ཚུགས། གནས་དེར་ཁོང་གིས་དངོས་གཞི་དང་། རབ་འབྱམས་པ། འབུམ་རམས་པ་བཅས་ཚང་མའི་སློབ་གཉེར་ལེགས་གྲུབ་བྱས་ཡོད་ལ། ད་ལོ་ནི་ཁོང་ཧར་པིན་བཟོ་ལས་སློབ་ཆེན་དུ་སློབ་སྦྱོང་དང་འཚོ་བ་བསྐྱལ་བའི་ལོ15ཡིན། ས་མཐོའི་སྐལ་བཟང་མེ་ཏོག་དང་འདྲ་བའི་བོད་རིགས་བུ་མོ་ཁོང་གིས་ཧེ་ལུང་ཅང་གི་ས་གཞི་ཆེན་མོར་ལང་ཚོའི་བཀྲག་མདངས་རྣམ་པར་མངོན་ཡོད།
    2014ལོར་སློབ་སྐྱོར་མཇུག་འགྲིལ་ནས་སློབ་གྲྭར་ལོག་པའི་ཆོས་དབྱིངས་མཚོ་མོས་ཞིན་ཅང་དང་བོད་ལྗོངས་སོགས་ནས་ཡོང་བའི་སློབ་མ་རྣམས་སློབ་ཆེན་འཚོ་བར་དེ་བས་ལེགས་པའི་ངང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཁོང་ཚོའི་སློབ་སྦྱོང་དང་འཚོ་བའི་ཐད་འཕྲད་པའི་དཀའ་ངལ་ཐག་གཅོད་བྱེད་རོགས་དང་མི་རིགས་ཁག་གི་སློབ་མའི་དབར་འབྲེལ་མཐུད་སྤེལ་རེས་ཀྱི་སྦྲེལ་ཟམ་ཞིག་ཇི་ལྟར་འཛུགས་རྒྱུའི་ཐད་སྔ་ཕྱི་བར་གསུམ་དུ་བསམ་བློ་གཏོང་གི་ཡོད། སློབ་གྲྭའི་ཏང་ཨུ་དང་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག ཆོས་དབྱིངས་མཚོ་མོའི་དང་བླངས་ཞབས་ཞུའི་ལས་དོན་ཁང་བཙུགས་ཤིང་། སློབ་མ་དང་བླངས་པ་དང་གྲངས་ཉུང་མི་རིགས་ཀྱི་སློབ་མའི་དབར“གཅིག་རོགས་གཅིག”གི་ཕན་ཚུན་རོགས་རེས་ཀྱི་ཆ་སྒྲིག་བཙུགས་པ་བརྒྱུད། མཉམ་དུ་སློབ་སྦྱོང་དང་བྱེད་སྒོ་སྤེལ་བ། མཉམ་དུ་འཚར་ལོངས་དང་ཡར་རྒྱས་ཡོང་བར་བྱས་ཡོད།
       ཕུགས་འདུན་གཏོད་པའི་ལོ་བཅུའི་རིང་། ལས་དོན་ཁང་དེ་ཐོག་མའི་སློབ་མ10ཡི་འཆད་ཁྲིད་ཚོགས་པ་ནས་མི2060ཡོད་པའི་དང་བླངས་པའི་ལས་དོན་དཔུང་ཁག་ཅིག་ཏུ་རིམ་བཞིན་འཕེལ་རྒྱས་ཕྱིན་ཞིང་། མཐོ་སློབ་ཀྱི་གྲངས་ཉུང་མི་རིགས་སློབ་མའི་འཚར་ལོངས་ཀྱི་དགོས་མཁོར་དམིགས་ནས“བསམ་བློའི་ཁྲིད་སྟོན་དང་། སློབ་སྦྱོང་ལ་རྒྱབ་སྐྱོར། འཚོ་བའི་ཞབས་ཞུ། འཚར་ལོངས་ལ་སྐུལ་འདེད”བཅས་ཕྱོགས་བཞི་གཞི་གཅིག་གི་ལས་ཀའི་མ་ལག་ཅིག་བཏོད་པ་དང་། སློབ་མ་ཁྲི3ལྷག་ཙམ་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་རྒྱུར་ཞབས་ཞུ་དང་སྣེ་ཁྲིད་བྱས་ཏེ། མཐོ་སློབ་ཀྱི་མི་རིགས་ཁག་གི་སློབ་གྲོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་རོགས་རེས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།
       ཕུགས་འདུན་མཉམ་དུ་བཏོད་ནས་མི་རིགས་ཁག་གི་སློབ་མ་ཚོ་སློབ་གཉེར་མཐར་ཕྱིན་ཡོང་བར་རམ་འདེགས་བྱས་པ།
     “བྱ་བ་གང་རུང་ཞིག་སྒྲུབ་པར་དཀའ་བ་དེ་ཙམ་མེད། དཀའ་བ་ཆེ་ཤོས་ནི་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་རྒྱུ་དེ་རེད”ལས་དོན་ཁང་གིས་སློབ་གཉེར་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་སྟོབས་ཆེར་བཏང་ནས། ལོ་བཅུ་ཉིན་གཅིག་ལྟར་གྲངས་ཉུང་མི་རིགས་ཀྱི་སློབ་གྲོགས་ཚོའི་སློབ་གཉེར་སྦྱངས་འབྲས་ལེགས་སུ་གཏོང་རོགས་བྱེད་པ་དང་། གཟའ་འཁོར་རེར་ཟུར་ཁྲིད་བྱེད་རོགས་ཀྱི་དང་བླངས་པ་སྒྲིག་འཛུགས་དང་ཆེད་ལས་དགེ་རྒན་གྱིས་སློབ་སྦྱོང་བློ་འདྲི་དང་། དོགས་གཞིར་ཟུར་ཁྲིད། གཅིག་གཏད་གཅིག་གི་ཟུར་ཁྲིད་དང་ཆ་སྒྲིག་རོགས་སྐྱོར་བཅས་མཐའ་འཁྱོངས་བྱེད་པ།《སྐར་གསོག་ཕྲན་བུ》དང《ཐིག་རིས་ཚབ་རྩིས》སོགས་ཀྱི་སློབ་ཚན་གཅིག་སྡུད་ཐོག་ཁྲིད་པས། དང་བླངས་པ་ནི་མི་རིགས་ཁག་གི་སློབ་མའི“དགེ་རྒན་ཆུང་ཆུང”དུ་གྱུར་པ་མ་ཟད། མི་རིགས་ཁག་གི་གཞོན་ནུ་སློབ་མ་དང་ལག་གདང་སྦྲེལ་ནས་ཕན་ཚུན་རོགས་རམ་བྱེད་པའི“གྲོགས་པོ་ཡག་པོར”ཡང་གྱུར་ཡོད།
       དུས་ཡུན་རིང་བོར་ལས་དོན་ཁང་ལ་ཞབས་འདེགས་ཞུ་མཁན་གྱི་ཧར་པིན་བཟོ་ལས་སློབ་ཆེན་རྩིས་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ཡེའུ་ཁྲའོ་ཡིས“ལས་དོན་ཁང་དུ་སློབ་སྐྱོར་གྱི་ཞབས་འདེགས་ཞུས་ནས་ལོ་གསུམ་ལྷག་ཙམ་སོང་རིང་སྐབས་རིམ་བྱུང་གི་སློབ་མ་དང་འབྲེལ་འདྲིས་བྱས་པས། སློབ་གྲོགས་ཚོ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བའི་མཐུན་སྒྲིལ་དང་མཛའ་བརྩེ་དངོས་སུ་ཚོར་བྱུང་། སློབ་གྲོགས་ཚོས་བརྒྱུད་སྤྲོད་བྱེད་པ་ནི་ཤེས་བྱ་ཙམ་མིན་པར། དེ་བས་གལ་ཆེ་བ་ནི་གྲངས་ཉུང་མི་རིགས་ཀྱི་སློབ་གྲོགས་ཚོས་སློབ་སྦྱོང་ལ་བཅངས་པའི་ཡིད་ཆེས་དང་ངར་ཤུགས་དེ་ཡིན ” ཞེས་བཤད།
       རྩིས་རིག་སློབ་གླིང་གི་དགེ་རྒན་དབྱང་ཀྲན་ཝུན་གྱིས“ཟུར་ཁྲིད་ཐེངས་གཅིག་བྱས་རྗེས་རྒྱ་ཡིག་དང་། བོད་ཡིག སོག་ཡིག་སོགས་སྐད་རིགས་མི་འདྲ་བས་བྲིས་པའི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་འབྱོར་བྱུང་བས་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་བཤད།

图片3.png

ལས་དོན་ཁང་གི་སློབ་མའི་འཆད་ཁྲིད་དགེ་རྒན་དང2023ལོའི་དངོས་ཁམས་སློབ་གླིང་གི་དངོས་གཞིའི་ཚན་ཁག་གི་སློབ་མ་ཝང་ཅུན་ཀྲེས་སློབ་ཆེན་ལོ་རིམ་དང་པོའི་སློབ་མ་ཚོར《སྐར་གསོག་ཕྲན་བུ》ཟུར་ཁྲིད་བྱེད་བཞིན་པ།

“ལས་དོན་ཁང་གི་དང་བླངས་པ་ཞིག་ཡིན་པའི་ངོས་ནས་མིག་སྔའི་བར་ལས་དོན་ཁང་དེས་ངའི་སློབ་ཆེན་ལོ་བཞིའི་འཚོ་བ་དང་མཉམ་དུ་འགྲོགས་ཡོད། གནས་འདིར་དང་བླངས་པ་དང་མི་རིགས་ཁག་གི་སློབ་གྲོགས་དབར་ཕན་ཚུན་རོགས་རམ་བྱས་ཏེ་ཐུན་མོང་ཐོག་ཡར་རྒྱས་ཡོང་ཐབས་བྱེད་ཀྱི་ཡོད་པས་བརྒྱུད་རིམ་དེའི་ནང་ང་ཚོ་ཕན་ཚུན་གྲོགས་པོ་བློས་ཐུབ་ཏུ་གྱུར་འདུག”ཅེས་ལས་དོན་ཁང་གི་འགན་འཁུར་སློབ་མ་ཧར་པིན་བཟོ་ལས་སློབ་ཆེན་གྱི2020ལོའི་འཇིག་རྟེན་འཕུར་སྐྱོད་སློབ་གླིང་གི་རིག་ནུས་སྒྲིག་ཆས་དང་མ་ལག་ཆེད་ལས་ཚན་ཁག་གི་དངོས་གཞིའི་སློབ་མ་ཧན་ཧྲི་ཡུས་ཀྱིས་བཤད། སློབ་གྲྭ་ཐོན་རྗེས་ཕ་ཡུལ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ལས་ཀ་བྱེད་པར་ལོག་པའི་མི་ཆོས་རིག་གནས་དང་སྤྱི་ཚོགས་ཚན་རིག་དང་ཁྲིམས་རིག་སློབ་གླིང་གི2014ལོའི་སློབ་མ་ཤེས་རབ་ཆོས་ཉིད་ཀྱིས“ལས་དོན་ཁང་གིས་མི་རིགས་ཁག་གི་སློབ་མ་འཚར་ལོངས་ཡོང་རྒྱུར་ལས་སྟེགས་ཧ་ཅང་ཡག་པོ་ཞིག་བསྐྲུན་ཡོད། ངའི་སློབ་སྦྱོང་དང་འཚོ་བའི་ཐད་དཀའ་ངལ་འཕྲད་སྐབས་དང་བླངས་པ་ཚོ་དུས་ཐོག་ཏུ་ངའི་གམ་དུ་ཡོང་ནས། ཚང་མས་ང་དང་མཉམ་དུ་རྒྱུག་ཤར་གློད་པ་དང་བྱ་སྒྲོའི་སྤོ་ལོ་རྒྱག་རོགས་བྱེད་ཀྱི་འདུག་ལ། ངའི་སློབ་སྦྱོང་དང་འཚོ་བའི་ཕྱོགས་གང་ཅིའི་ཐད་དངོས་འབྲེལ་སེམས་ཁུར་ཡང་བྱས་ཏེ་ང་ཚོ་ནང་མི་ལྟར་དཔུང་པ་མཉམ་གཤིབ་ཀྱིས་འཚར་ལོངས་ཡོང་ཐབས་བྱེད་ཀྱི་འདུག”ཅེས་བཤད། ཁོང་ཚོ་དང་འདྲ་བར་ལས་དོན་ཁང་དུ་སློབ་སྦྱོང་ཡག་ཏུ་འགྲོ་ཐབས་དང་མུ་མཐུད་ཕུལ་བྱུང་བརྩོན་ལེན་བྱེད་མཁན་གྱི་ཧར་པིན་བཟོ་ལས་སློབ་ཆེན་གྱི་མི་རིགས་ཁག་གི་སློབ་མ་ཚོས་ཆོས་དབྱིངས་མཚོ་མོའི་དང་བླངས་ཞབས་ཞུའི་ལས་དོན་ཁང་ལ་བརྗོད་འདོད་པའི་སྙིང་གཏམ་ད་དུང་གང་མང་ཞིག་ཡོད།

图片4.png

དགེ་རྒན་དབྱང་ཀྲན་ཝུན་ལ་འབྱོར་བའི་སློབ་གྲོགས་ཚོའི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ།

 བྱས་རྗེས་བཞག་ནས་རྒྱ་ཆེའི་སློབ་མ་ཚོའི་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་བར་བྱས་པ།
       ལས་དོན་ཁང་དེ་བཙུགས་ཚུན། ཐོག་མཐའ་བར་གསུམ་དུ་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་མཐོང་ཆེན་བྱས་ནས། དགེ་སློབ་ཀྱི་ཀྲི་པུ་མཉམ་སྐྲུན་དང་བརྗོད་དོན་གཙོ་བོའི་ཏང་དང་སྡེ་ཚོགས་ཀྱི་བྱེད་སྒོ་སོགས་བརྒྱུད། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་སྟེ། མི་རིགས་ཁག་གི་སློབ་མ་སྒྲིག་འཛུགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཟླ་བའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ་དང་། སློབ་གྲྭའི་ནང་གསར་བརྗེའི་སྙིང་སྟོབས་དབྱིངས་ཞུགས་རྣམ་པའི་ངང་སློབ་སྦྱོང་བྱེད་པ། བཞུགས་མོལ་སྤེལ་རེས་དང་། རྩལ་ནུས་གསོ་སྦྱོང་། ལས་ཞུགས་ཁྲིད་སྟོན། སྤྱི་ཚོགས་ལག་ལེན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས། རྒྱུན་གཏན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་ཐུབ་པ་དང་། མི་རིགས་ཁག་གི་སློབ་མའི“མོས་སེམས་ལྔ”ཆེ་རུ་ནུས་ལྡན་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། ལག་གདང་སྦྲེལ་བ་དང་གཅིག་སེམས་གཅིག་སྦྲེལ་ཁྲོད་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་འགན་འཁྲི་འཁུར་ཕོད་པའི་འབད་འཐབ་པ་ཞིག་བྱས་ཡོད། ལས་དོན་ཁང་བཙུགས་ནས་ལོ10སོང་རིང་། ཕུལ་བྱུང་སློབ་མ་དེ་བས་མང་པོ་ཞིག་གིས་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་གནས་ལ་བྱས་རྗེས་འཇོག་པར་འགྲོ་རྒྱུའི་གདམ་ག་བྱས་ཡོད།

图片5.png

ལས་དོན་ཁང་གིས“མཉམ་དུ་འཚར་ལོངས་གླེང་། ཕུལ་བྱུང་དོན་གཉེར་བྱེད”ཅེས་པའི་མི་རིགས་ཁག་གི་གཞོན་ནུའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་བཞིན་པ།

  2024ལོའི་ཟླ8པར། ལས་དོན་ཁང་གིས“བརྩེ་བ་གངས་ལྗོངས་ས་མཐོར་བཅངས། བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་དོན་གཉེར་བྱེད”ཅེས་པའི་དབྱར་གསེང་གི་སྤྱི་ཚོགས་ལག་ལེན་སྒྲིག་འཛུགས་བྱས་ཤིང་། ལས་དོན་ཁང་གི་མཛུབ་ཁྲིད་དགེ་རྒན་དང་སློབ་གླིང་མི་འདྲ་བ8ནས་ཡོང་བའི་ལས་དོན་ཁང་གི་དང་བླངས་པ17དང་། བོད་རིགས་དང་། ཡུ་གུར་རིགས། ཧུའེ་རིགས། ཐུའུ་ཅ་རིགས་སོགས་མི་རིགས་ཁག་གི་སློབ་གྲོགས་ལས་གྲུབ་པའི་ལག་ལེན་ཚོགས་པས་སྔ་རྗེས་སུ་ཧར་པིན་དང་། པེ་ཅིང་། ལྷ་ས། ཉིང་ཁྲི་བཅས་སུ་དུས་ཡུན་ཉིན་བཅུའི་སྤྱི་ཚོགས་ལག་ལེན་གྱི་བྱེད་སྒོ་སྤེལ་ཡོད།

图片6.png

ལས་དོན་ཁང་གི“བརྩེ་བ་གངས་ལྗོངས་ས་མཐོར་བཅངས། བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་དོན་གཉེར་བྱེད”ཅེས་པའི་ལག་ལེན་ཚོགས་པས་ལྷ་ཉིང་ལྕགས་ལམ་ཐོག་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་འཚོག་བཞིན་པ།

“འབྱུང་འགྱུར་མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་བྱས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ནང་ཞུགས་རྒྱུའི་རེ་བ་ཡོད།” 2019ལོའི་བཟོ་སྐྲུན་སློབ་གླིང་གི་ངག་དབང་གནམ་འབྲུག་སློབ་ཆེན་འགྲིམ་རིང་དམག་སྒར་དུ་ཞུགས་རྒྱུའི་གདམ་ག་བྱས་ནས་འབད་འཐབ་ལ་བརྟེན་ཏེ་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་ལང་ཚོའི་ལེའུ་བརྩམས་ཡོད། 2024ལོར་ལས་དོན་ཁང་གི་སློབ་མའི་འཐུས་མི་དང་འགྲིམ་འགྲུལ་སློབ་གླིང་གི་དངོས་གཞིའི་ཚན་ཁག་གི་སློབ་མ་སྐལ་བཟང་ཆོས་སྐྱིད་ཧའེ་ནན་ཝུན་ཁྲང་དུ་ཧར་པིན་བཟོ་ལས་སློབ་ཆེན་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི“ཐེན་ཏུའུ་ཨང་གཉིས་པའི”སྲུང་སྐར་འཕེན་གཏོང་ལ་ལྟ་བར་ཕྱིན་ཡོད་ཅིང་། ཉིན་དེའི་རྣམ་པ་དག་ཁོང་ཧར་པིན་བཟོ་ལས་སློབ་ཆེན་ལ་མ་ཡོང་གོང་བསམ་མི་ཕོད་པ་ཞིག་རེད།
       ལོ་བཅུའི་རིང་ལས་དོན་ཁང་དེ་ཧར་པིན་བཟོ་ལས་སློབ་ཆེན་གྱི་མི་རིགས་ཁག་གི་སློབ་མ་ཚོས་ལག་གདང་སྦྲེལ་ནས་གཅིག་སེམས་གཅིག་སྦྲེལ་བྱེད་སའི་བསམ་པའི་ཁྱིམ་གཞིས་ཤིག་ཏུ་གྱུར་ནས། བསམ་བློའི་ཐད་སྣེ་ཁྲིད་དང་། སློབ་སྦྱོང་ཐད་རྒྱབ་སྐྱོར། འཚོ་བའི་ཐད་ཞབས་ཞུ། མི་རིགས་ཁག་གི་སློབ་མ་འཚར་ལོངས་ཡོང་བར་རོགས་སྐྱོར་བཅས་བྱེད་པའི་མི་སྣ་གསོ་སྐྱོང་གི་མ་ལག་ཅིག་གྲུབ་ཡོད། ཆོས་གཡང་མཚོ་མོས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར། སུས་སུ་ལ་རོགས་སྐྱོར་བྱེད་པ་ཙམ་མིན་པར། མཉམ་དུ་མདུན་སྐྱོད་བྱེད་པའི་ཁྲོད་ཕན་ཚུན་གཅིག་སེམས་གཅིག་འབྲེལ་དང་བརྩེ་སེམས་འཆང་རེས་བྱས་ཏེ། གནད་དོན་ཆུང་ཙམ་ནས་ཤེས་བྱ་ཡང་དག་འཚོལ་བ་དང་ཡུན་རིང་གཤིབ་ནས་བརྩེ་སེམས་ངོ་མ་མཐོང་ཐུབ་པ་ཞིག་བྱེད་དགོས་ལ། ལས་དོན་ཁང་འདི་ཉིད་ཀྱང་མི་རིགས་ཁག་གི་སློབ་གྲོགས་ཚོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཤིག་ཏུ་འགྱུར་ནས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་རྒྱུའི་རེ་བ་ཡོད”ཅེས་བཤད།
       ངོ་སྤྲོད་བྱས་པར་གཞིགས་ན། ལས་དོན་ཁང་འདི་ཉིད་སྔ་རྗེས་སུ་སློབ་གསོ་པུའི་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་གྱི་རྩེར་སོན་རྣམ་གྲངས་དང་། ཧེ་ལུང་ཅང་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ཁག་དང་པོ། ཧེ་ལུང་ཅང་ཞིང་ཆེན་གྱི་མཐོ་སློབ་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སློབ་གསོ་ལག་ལེན་རྟེན་གཞི་བཅས་ལ་བདམས་ཡོད་ལ། ཆོས་དབྱིངས་མཚོ་མོ་ཡང་རྒྱལ་ཡོངས་ཀྱི་གུང་གཞོན་སྡེ་ཚོགས་ཀྱི་ཕུལ་བྱུང་ལས་བྱེད་པ་དང་། ཧེ་ལུང་ཅང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དང་བཅུ་གསུམ་པའི་འཐུས་མི། གུང་གཞོན་སྡེ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མི་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་ལ་བདམས་ཡོད། གཞན་ཡང་ལས་དོན་ཁང་ནས་ད་དུང་ཀྲུང་གོའི་སློབ་གྲྭ་ཆེན་མོ་བའི་ཡར་ཐོན་ཅན་དང་། རྒྱལ་སྤྱིའི་རྩེར་སོན་ཇུས་འགོད་འགྲན་བསྡུར་ཆེན་མོའི་གསེར་གྱི་བྱ་དགའ། ཀྲུང་གོའི་དྲ་སྦྲེལ་དང་སློབ་གྲྭ་ཆེན་མོ་བའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་མོའི་རྒྱལ་ཡོངས་ཀྱི་དངུལ་གྱི་བྱ་དགའ་སོགས་མི་རིགས་ཁག་གི་སློབ་མའི་དཔེ་མཚོན་ཁག་གཅིག་ཀྱང་ཐོན་ཡོད།


མཉམ་སྤྱོད།