དེ་རིང་ནི2025ལོའི་ཟླ03པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་གྱུར།

2025-01-02 15:24:06   |   289

 སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཁྲིམས་ལུགས་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པའི་ཐོག་གྲོས་ཞིབ་ཆོག་མཆན་བཀོད་པ་བརྒྱུད།《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་སྐུལ་འདེད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ )2025ལོའི་ཟླ1ཚེས1ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་རེད། དེ་ཡིས་མཚོ་བྱང་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་གྱུར་བ་དང་སྔར་བས་འཐུས་ཚང་དུ་ཕྱིན་པ་མཚོན།    

2022ལོའི་ཟླ3པར།《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་འཆར་འགོད》གཞིར་བཟུང་སྟེ།《སྲོལ་ཡིག》གི་འཆར་ཟིན་འབྲི་མགོ་བརྩམས། དུས་ཡུན་ལོ་གསུམ་རིང་ཁྲིམས་འཛུགས་བརྟག་ཞིབ་དང་ཆེད་མཁས་རིགས་སྒྲུབ། གྲོས་མགོ་བསྡུ་ལེན་བཅས་བྱས་པ་བརྒྱུད་ཐེངས་བཅུ་དྲུག་ལ་བཟོ་བཅོས་བྱས་མཐར་གྲོས་འཆམ་བྱུང་བ་རེད།《སྲོལ་ཡིག》ལ་ལེའུ་བདུན་དང་དོན་ཚན་ཞེ་བདུན་ཡོད་ཅིང་།   ལེའུ་དང་པོ་སྤྱིའི་རྩ་དོན་ལ་ཁྱོན་སྡོམ་དོན་ཚན་བརྒྱད་ཡོད། དེའི་ནང་ཁྲིམས་འཛུགས་ཀྱི་དམིགས་ཡུལ་དང་། སྤྱད་འཐུས་ཁྱབ་ཁོངས། གཞི་རྩའི་རྩ་དོན་སོགས་ཀྱི་ནང་དོན་གཏན་འབེབས་བྱས་ཡོད།  ལེའུ་གཉིས་པ་ནས་ལེའུ་དྲུག་པའི་བར་ཁྱོན་སྡོམ་དོན་ཚན་སུམ་ཅུ་སོ་བརྒྱད་ཡོད་ཅིང་། དེའི་ནང་སྤྱི་པའི་བདེ་འཇགས་འགན་སྲུང་དང་། སྤྱི་ཚོགས་བདེ་འཇགས་ཚོད་འཛིན།    འགལ་བ་དང་རྩོད་གཞི་སེལ་བ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། འགན་སྲུང་སྐུལ་འདེད་བྱེད་ཐབས་སོགས་ཀྱི་ནང་དོན་སོ་སོ་གཏན་འབེབས་བྱས་ཡོད།《སྲོལ་ཡིག》གིས་སྤྱི་ཚོགས་བཅོས་སྐྱོང་གི་ཁྲིམས་སྲོལ་མ་ལག་བཙུགས་པ་བརྒྱུད། ཏང་ཨུས་མགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། སྤྱི་ཚོགས་ཀྱིས་མཐུན་སྦྱོར་བྱེད་པ། སྤྱི་དམངས་ཐེ་ཞུགས་བྱེད་པ།    ཁྲིམས་སྐྱོང་གིས་འགན་ལེན་བྱེད་པ། ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། ཁྲིམས་སྐྱོང་དང་སྤྱོད་སྐྱོང་། རང་སྐྱོང་བཅས་གཅིག་གྱུར་དང་། མཉམ་སྐྱོང་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱས་ཏེ། མཚོ་བྱང་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་མངོན་འགྱུར་བྱེད་པར་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱས་ཡོད།    

“2021ལོར་ཀྲུང་དབྱང་ཆབ་སྲིད་ཁྲིམས་ལུགས་ཨུ་ལྷན་གྱིས་མཚོ་བྱང་ཁུལ་རྒྱལ་ཡོངས་ཀྱི་ཆབ་སྲིད་ཀྱིས་གྲོང་ཁྱེར་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཚོད་ལྟའི་ས་ཁུལ་དུ་གཏན་འཁེལ་བྱས།《སྲོལ་ཡིག》བཏོན་པ་ནི་ཚོད་ལྟའི་ལས་དོན་ལ་ཕན་འབྲས་ཐོབ་པའི་འགན་ལེན་གལ་ཆེན་ཞིག་ཡིན་ལ། ཚོད་ལྟའི་འབྲས་བུ་ལ་དཔྱད་བསྡུར་བྱེད་པའི་མཚོན་རྟགས་གཙོ་བོ་ཞིག་ཀྱང་ཡིན”  མཚོ་བྱང་ཁུལ་མི་དམངས་འཐུས་ཚོགས་ལྟ་ཞིབ་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཧོང་ཅིན་ཀང་གིས་དེ་ལྟར་བཤད།《སྲོལ་ཡིག》ནང་སྡེ་ཚན་ཁག་གི་འགན་འཁྲིའི་དབྱེ་མཚམས་ཁ་གསལ་བཟོས་ཏེ། “ཆུ་མགོ་དགུ་ནས་ཆུ་བཅོས་པའི”མཉམ་ཤུགས་སྔར་བས་གཅིག་ཏུ་བསྡུས་ཡོད་པས། མཚོ་བྱང་གི་སྤྱི་ཚོགས་བཅོས་སྐྱོང་ལ་འཕྲད་པའི་ཞིབ་ཕྲའི་གནད་དོན་ཐག་གཅོད་བྱ་རྒྱུར་ཕན་ཐོགས་ཡོད་ལ།  ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་གི་དོན་དངོས་གནད་དོན་ཐག་གཅོད་བྱས་ཏེ། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱས་ཡོད།   

མཚོ་བྱང་ཁུལ་ཨུའི་ཆབ་སྲིད་ཁྲིམས་ལུགས་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཡོན་ཡིའུ་ཁྲེང་གིས། “བདེ་འཇགས་གྲོང་ཚོའི་‘མེད་པ་བརྒྱད་དང་ཡོད་པ་དྲུག་’དང་། ཅིན་ཐན་ཞང་གི་བྱ་བའི་བྱེད་ཐབས་ཆུང་ཆུང་དྲུག མདོ་ལ་རྫོང་ཨ་རིག་ཡུལ་ཚོའི‘ལས་གནས་སྟོང་དང་སོ་ལྟ་ཁྲི”སོགས་ས་གནས་དེ་གའི་སྤྱི་ཚོགས་བཅོས་སྐྱོང་སྤུས་རྟགས་《སྲོལ་ཡིག》ནང་བྲིས་ཡོད་ཅིང་། དེ་ནི་ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་ཚད་མཐོའི་ཁས་ལེན་བྱས་པ་ཞིག་རེད།     མཚོ་བྱང་ཁུལ་ཨུའི་ཆབ་སྲིད་ཁྲིམས་ལུགས་ཨུ་ལྷན་གྱིས《སྲོལ་ཡིག》ལག་བསྟར་བྱེད་པ་གོ་སྐབས་སུ་བརྩིས་ཏེ། སྤྱི་ཚོགས་བཅོས་སྐྱོང་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ།    བདེ་འཇགས་མཚོ་བྱང་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་རྒྱུ་ཡིན ”ཞེས་བཤད།


མཉམ་སྤྱོད།