དེ་རིང་ནི2025ལོའི་ཟླ06པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་དུ་སྨི་སྟོང་ཅན་གྱི་ཐང་ག་འགྲེམས་སྟོན་བྱས།

2025-04-22 15:48:29   |   499

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་སྔོན་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར།《ཀྲུང་གོའི་བོད་རིགས་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ》ཡི་སྨད་ཆ་དེ་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གི་འགྲེམ་ཁང་བྱང་མར་འགྲེམས་སྟོན་བྱས་པ་རེད།

《ཀུན་འདུས་ཞལ་ཐང་ཆེན་མོ》དེ་ཀྲུང་གོའི་ལྷ་རིས་སྒྱུ་རྩལ་པ་གྲགས་ཅན་སྐུ་ཞབས་བརྩོན་འགྲུས་རབ་རྒྱས་ལགས་ཀྱིས་ལོ་ངོ40ལྷག་ཙམ་རིང་སྒྲིག་འཛུགས་ཇུས་འགོད་གནང་བ་ཞིག་ཡིན་ཞིང་། ཐང་ག་དེ་སྟོད་སྨད་གཉིས་སུ་དབྱེ་ཡོད་པ་དང་། རིང་ཚད་ལ་ཁྱོན་སྡོམ་སྨི1028དང་ཞེང་ལ་སྨི2.5ཡོད། དེ་ནི་མཚོ་སྔོན་དང་བོད་ལྗོངས། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་ས་ཁུལ་གྱི་ལྷ་རིས་སྒྱུ་རྩལ་པ་གྲགས་ཅན430ལྷག་ཙམ་གྱིས་འབྲི་བཞེངས་ཞིབ་ཚགས་གནང་བ་ཞིག་རེད། ཐང་གའི་ནང་དོན་གཙོ་བོ་ལོ་རྒྱུས་དང་རིག་གནས། སྒྱུ་རྩལ་བཅས་གཞི་གཅིག་ཏུ་འདུས་ཡོད།

《ཀུན་འདུས་ཞལ་ཐང་ཆེན་མོའི》སྨད་ཆའི་རིང་ཚད་ལ་སྨི410དང་ཞེང་ཚད་ལ་སྨི2.5ཡོད། ཐང་ག་ཧྲིལ་པོ་དུམ་ཚན27ལ་དབྱེ་ཡོད་པ་དང་། བྱེ་བྲག་གི་དོན་ཚན225ལས་གྲུབ་ཡོད། ཐང་གའི་གོང་འོག་མཐའ་གཉིས་སུ་བོད་ལུགས་ཀྱི་འཚེམ་དྲུབ་རི་མོ་ཁྲི1ལྷག་ཙམ་གྱིས་རྒྱན་སྤྲས་ཡོད་པ་དང་། འཚེམ་དྲུབ་ཀྱི་རི་མོ་དེ་མི་རིགས་ཁག་གི་མཚོན་བྱེད་རང་བཞིན་གྱི་རི་མོར་དཔེ་བྱས་ཏེ། ངོ་མཚར་ཆེ་བའི་བསམ་བཀོད་དང་རྩེར་སོན་གྱི་ལག་རྩལ་ལ་བརྟེན་ནས་སྲོལ་རྒྱུན་དང་དེང་རབས། སྒྱུ་རྩལ་དང་འཚོ་བ་བཅས་མཉམ་འདྲེས་ཡག་པོ་བྱུང་ཡོད།

མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།《ཀྲུང་གོའི་བོད་རིགས་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ》ཡི་སྟོད་ཆ“ཅི་ཉི་སིའི་འཛམ་གླིང་རྒྱན་གཅིག”དུ་བཞག་ཡོད་པ་དང། སྨད་ཆ་དེ་བས་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་ཀྱི་ནང་དོན་འདུས་ཤིང་། སྤྱི་ཚོགས་དང་ལོ་རྒྱུས་ཀྱི་ནང་དོན་དེ་བས་མང་བ་བསྣན་ཡོད། དཔེར་ན། ཇ་རྟའི་གནའ་ལམ་དང་ཐང་བོད་གནའ་ལམ། དར་གོས་ཚོང་ལམ་སོགས་ནང་དོན་དེ་དག་བསྣན་པས། ཐང་གའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

མི་རིགས་སྒྱུ་རྩལ་གྱི་མཆོག་ནོར་ཞེས་འབོད་པའི《ཀུན་འདུས་ཞལ་ཐང་ཆེན་མོ》དེ་གཞི་ཁྱོན་ཆེ་བ་དང་། བྱང་ཆུབ་པའི་བཟོ་རྩལ། ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་བཅས་ལ་བརྟེན་ནས་རིག་གནས་ལ་དགའ་པོ་བྱེད་མཁན་དང་། གནས་སྐོར་བའི་ཡིད་དབང་འཕྲོག་ཡོད་པ་དང་། ཐང་ག་དེ་བརྒྱུད་ནས་ལྟད་མོ་བས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ཁྲོད་མི་རིགས་ཁག་ཕན་ཚུན་བརྩེ་སེམས་ཟབ་མོ་དང་ཕན་ཚུན་རོགས་རེས་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་དང་དེ་བཞིན་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་པའི་ཡིད་ཆེས་བརྟན་པོ་ཤེས་རྟོགས་དང་མྱོང་རོལ་བྱེད་ཐུབ།


མཉམ་སྤྱོད།