དེ་རིང་ནི2025ལོའི་ཟླ05པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སློབ་ཆེན་སློབ་མ་ཕྱིར་ཕ་ཡུལ་དུ་ལོག་ནས་གྲོང་གསེབ་དར་སྤེལ་གྱི་ལས་ལ་གཞོལ།

2025-05-09 10:34:38   |   258

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་སྣེ་ཁྲིད་འོག མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཝ་མགྱོགས་ཡུལ་ཚོའི་མདའ་བཞི་སྡེ་བར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་འབྱུང་བཞིན་ཡོད། ཕྱིར་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་སྐོར་ཞིག་གིས་གྲོང་གསེབ་དར་སྤེལ་གྱི་འབོད་པ་དང་དུ་བླངས་ཤིང་། ས་གནས་རང་གི་ཐུན་མིན་གྱི་ཐོན་ཁུངས་ཁྱད་སྟོབས་བེད་སྤྱད་དེ། སྡེ་མི་ཚང་མའི་སྣེ་ཁྲིད་ནས་ཐུན་མོང་ཁྱད་ལྡན་གྱི་ཕྱུག་འགྱུར་ལམ་བུ་ཞིག་སྙེག་བཞིན་ཡོད།

1.png

མདའ་བཞི་སྡེ་བ་ནི་ཕྱུགས་ལས་གཙོ་བོར་གཉེར་བའི་སྡེ་བ་ཞིག་ཡིན་ཞིང་། ཁོད་ཡངས་པའི་རྩྭ་ས་དང་ཕུན་སུམ་ཚོགས་པའི་རང་བྱུང་ཆུ་ཚན་གྱི་ཐོན་ཁུངས་ཡོད། གནས་འདིའི་ཆུ་ཚན་དྭངས་ཤིང་གཙང་ལ་དུས་བཞིར་ཆད་མེད་དུ་འབབ་བཞིན་ཡོད་པ་དང་། ཆུ་ཚན་གྱི་དྲོད་ཚད་ཆེས་མཐོ་བ་དྲོད་གྲངས་དྲུག་ཅུའི་ཡན་ལ་བསླེབས་ཡོད་ལ། ཉིན་རེའི་ཆུའི་ཐོན་ཚད་ཏུན་བརྒྱ་ལྷག་གི་ཡན་ཡིན། དེའི་ཆེས་ཆེ་བའི་ཆུ་ཚན་ནི་ས་འདིའི་མང་ཚོགས་ཀྱིས་ནུབ་མཚོའི་ལྷ་ཆབ་དང་པོར་འབོད་པ་དེ་རེད། ཆུ་ཚན་དེར་རང་བྱུང་གི་གཏེར་རྒྱུ་ཕུན་སུམ་ཚོགས་པ་འདུས་པས་ས་དེའི་མི་རྣམས་ཀྱི་ཁམས་གསོའི་ཐབས་མཆོག་ཅིག་ཏུ་གྱུར་འདུག

མདའ་བཞི་སྡེ་བའི་སྔོན་ཆད་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་དབང་ཕྱུག་རབ་བརྟན་གྱིས་བཤད་རྒྱུར། བསོད་ནམས་རྒྱ་མཚོ་སོགས་སློབ་ཆེན་སློབ་མ་འགའ་སློབ་མཐར་ཕྱིན་རྗེས་ས་གནས་གཞན་པར་བྱ་བ་ལས་བཞིན་ཡོད་ཀྱང་ཕ་ཡུལ་གྱི་འབོད་སྐུལ་དང་དུ་བླངས་ནས་ཕྱིར་ཕ་ཡུལ་དུ་ལོག་རྒྱུའི་སེམས་ཐག་བཅད་པ་ཡིན་ལ། ཁོ་ཚོས་སྡེ་བའི་ཚ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པས་ཆུ་ཁོལ་གསོལ་མགྲོན་ཁང་གསར་འཛུགས་བྱེད་པར་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཁྱད་སྟོབས་ལྡན་པ་མཐོང་ནས། སྡེ་བའི་ནང་ཆུ་ཁོལ་མགྲོན་ཁང་ཞིག་ལས་ནས་ཞིང་ཆེན་ཡོངས་ཀྱི་སྐད་གྲགས་ཆེ་བའི་ཟོང་རྟགས་སུ་བྱས་ཏེ་སྡེ་མི་རྣམས་ཀྱི་ཡོང་འབབ་འཕར་དུ་འཇུག་རྒྱུ་རང་གི་དམིགས་འབེན་གཙོ་བོར་བཟུང་ཡོད།

མདའ་བཞི་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་རྒྱ་མཚོས་བཤད་རྒྱུར། ཁོ་ཚོས་སྡེ་བའི་སྔོན་ཆད་ཀྱི་ཀྲི་པུའི་ཧྲུའུ་ཅི་དབང་ཕྱུག་རབ་བརྟན་དང་མཉམ་དུ་འབད་བརྩོན་བྱས་ཤིང་། གྲོང་གསེབ་དར་སྤེལ་གྱི་མ་དངུལ་བཀོལ་ནས་སྔོན་ཆད་སྟབས་བདེའི་ཁང་མིག་ཙམ་ལས་མེད་པའི་ཆུ་ཁོལ་སྒྲིག་ཆས་དེ་ད་ལྟའི་ནུབ་མཚོ་ཆུ་ཁོལ་མགྲོན་ཁང་དུ་བསྒྱུར་བ་རེད། མགྲོན་ཁང་དེའི་ཆུ་ནི་ནུབ་མཚོའི་ལྷ་ཆབ་དང་པོ་ལས་ཡོང་བ་ཡིན། ཁྲུས་ཁང་གི་ཚོམས་ཆེན་དུ་སོང་ན། སྐྱེས་པའི་ཁྲུས་ཁང་དང་བུད་མེད་ཀྱི་ཁྲུས་ཁང་བཅས་ཕྱོགས་གཉིས་སུ་བཀར་ཡོད། ཁྲུས་རྫིང་དུ་ཆུ་དྭངས་མོའི་ཁྲུས་རྫིང་དང་རྒྱ་སེ་མེ་ཏོག་གི་ཁྲུས་རྫིང་། འོ་མའི་ཁྲུས་རྫིང་སོགས་གདམ་གསེས་མང་བོ་ཡོད་ལ། ཆུ་ཚན་གྱི་རླངས་པ་ལང་ལོང་བྱེད་པས་མི་ཡུལ་ལས་འདས་པའི་མཛེས་ཉམས་ཤིག་རྣམ་པར་མངོན་ཡོད། མགྲོན་ཁང་དེར་འགྲུལ་ཁང་གྱན་བཅུ་དགུ་ཡོད་པ་དང་། སྤྱི་བའི་ཁྲུས་རྫིང་ལས་གཞན་འགྲུལ་ཁང་རེ་རེར་ཡང་ཁྲུས་རྫིང་ཆུང་བ་རེ་བཀོད་སྒྲིག་བྱས་ཡོད་པས། འགྲུལ་བ་ཚོས་རང་རང་གི་ཁང་བའི་ནང་ཆུ་ཚན་གྱི་བདེ་བར་ཅི་དགར་རོལ་ཆོག་པ་ཡིན།

2021ལོར་ཆུ་ཁོལ་མགྲོན་ཁང་ལས་ནས་འགྲུབ་པ་དང་། ཐོག་མར་ཚོང་བདག་གཞན་པར་གླས་ནས་ཚོང་གཉེར་བྱེད་དུ་བཅུག་པ་ཡིན་ལ། 2025ནས་བཟུང་སྡེ་བའི་ཐུན་མོང་གིས་བཙུགས་པའི་སྤྱི་གཉེར་གྱིས་ཚོང་གཉེར་དོ་དམ་བྱེད་མགོ་བརྩམས་པ་རེད། སྡེ་བའི་ནང་ཕྱིར་ལོག་པའི་སློབ་ཆེན་སློབ་མ་དག་གཙོ་བྱས་པའི་ན་གཞོན་འཇོན་ནུས་ཅན་མང་བོ་བདམས་ནས་མགྲོན་ཁང་དེར་དོ་དམ་བྱེད་དུ་བཅུག་པ་རེད།

2.jpg

 ཆུ་ཁོལ་མགྲོན་ཁང་འཕེལ་རྒྱས་གཏོང་པའི་ཞོར་དུ་མདའ་བཞི་སྡེ་བས་ད་རུང་རང་སྟེང་གི་ཕྱུགས་ལས་ཁྱད་སྟོབས་བེད་སྤྱད་དེ། སྐམས་ཤ་དང་ལུག་ཤ་སོགས་ཕྱུགས་ལས་ཐོན་རྫས་གསར་སྤེལ་བྱས། ཕྱུགས་ལས་ཐོན་རྫས་དེ་དག་གིས་ས་གནས་རང་གི་དགོས་མཁོ་བསྐང་བའི་མི་ཚད། གློག་རྡུལ་ཚོང་དོན་དང་ཕྱིར་འཚོང་ཚོང་བ་སོགས་ཐབས་ལམ་མང་བོ་བརྒྱུད་དེ་ཧྲན་ཏུང་སོགས་ས་ཁུལ་དུ་ཕྱིར་འཚོང་བྱས་ཏེ། ས་གནས་རང་གི་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྟོབས་ཤུགས་མི་ཉུང་བ་བཏོན་ཡོད། སྔོན་ཆད་སྐམས་ཤ་དང་ལུག་ཤ་གང་ཡིན་ཡང་རང་ཉིད་ཀྱིས་ཟ་བའམ་ཉེ་འདབས་ཀྱི་མང་ཚོགས་དག་ལ་འཚོང་པ་ཙམ་ཡིན་པས་རིན་གོང་ཡང་མཐོ་རྒྱུ་མེད། ད་ལྟ་སྲིད་གཞུང་གི་རོགས་རམ་ལ་བརྟེན་ནས་སྐམས་ཤ་དང་ལུག་ཤ་དེ་ས་ཁུལ་གཞན་པར་ཕྱིར་འཚོང་ཐུབ་པས། ཡོང་འབབ་སོགས་ཀྱང་སྔོན་ཆད་ལས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད་པ་རེད།

 མདའ་བཞི་སྡེ་བའི་ཚོང་བ་བཀྲ་ཤིས་རྡོ་རྗེ་ཡིས་བཤད་རྒྱུར། མ་འོངས་པར་རྒྱང་བལྟ་བྱས་ན། མདའ་བཞི་སྡེ་བར་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོ་ཞིག་ཡོད། སྔར་ལས་ལྷག་པའི་སྒོ་ནས་ས་གནས་རང་གི་སློབ་ཆེན་སློབ་མ་དང་ན་གཞོན་དག་གིས་ལས་སྐྲུན་བྱེད་པར་སྐུལ་མ་གཏོང་ཆེད། སྡེ་བས་ད་རུང་དམངས་སྲོལ་མགྲོན་ཁང་གྱན་ཉི་ཤུ་ལྷག་ཁ་སྣོན་བྱས་ཏེ་ཉིན་རེ་བཞིན་འཕར་བའི་གནས་སྐོར་བའི་དགོས་མཁོ་བསྐང་རྒྱུ་ཡིན་པ་དང་། དེའི་ཞོར་དུ་དག་ཞིང་སྣེ་ཁྲིད་ཅེས་པའི་ཕྱུགས་ལས་ཐོན་རྫས་ལས་སྣོན་བྱེད་ས་ཞིག་འཛུགས་སྐྲུན་བྱས་ནས། ཕྱུགས་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོར་འདེགས་བྱེད་པ་དང་། སྡེ་བའི་མང་ཚོགས་ལ་ཁེ་ཕན་སྔར་ལས་མང་བོ་ཐོབ་ཏུ་འཇུག་རྒྱུ་རེད། བྱེད་ཐབས་དེ་དག་གིས་སྔར་ལས་མང་བའི་ན་གཞོན་ལ་ཕ་ཡུལ་དུ་ཕྱིར་ལོག་པའི་འཕེལ་རྒྱས་སྦས་ཤུགས་མཐོང་དུ་འཇུག་པ་དང་། ཕྱིར་ཕ་ཡུལ་དུ་ལོག་སྟེ་ལས་སྐྲུན་བྱས་ནས་མཛེས་སྡུག་གི་འཚོ་བ་མཉམ་བསྐྲུན་བྱེད་པར་ནུས་པ་ཆེན་པོ་ཐོན་ཐུབ་ངེས་རེད།

མདའ་བཞི་སྡེ་བའི་ལག་ལེན་བཟང་བོ་ནི་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་གསོན་ཉམས་ལྡན་པའི་སྣང་ཚུལ་ཞིག་ཡིན་ཞིང་། སློབ་ཆེན་སློབ་མ་དག་ཕྱིར་ཕ་ཡུལ་དུ་ལོག་པ་དང་རང་ཉིད་ཀྱི་ཤེས་ཡོན་དང་བརྩེ་བ་ལ་བརྟེན་ནས། ཕ་ཡུལ་ལ་སྔར་ལས་ལྷག་པའི་གསོན་ཤུགས་རྒྱས་སུ་བཅུག་ཡོད་ལ། ཁོ་ཚོ་ནི་གྲོང་གསེབ་དར་སྤེལ་གྱི་སྣེ་ཁྲིད་པ་ལྟ་བུ་ཡིན་པ་དང་། སྡེ་མི་རྣམས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་དུ་བགྲོད་བཞིན་ཡོད་པ་མ་ཟད། ཡུལ་ཚོ་དང་སྡེ་བ་གཞན་པའི་འཕེལ་རྒྱས་ཐད་ལའང་དཔེར་བླངས་ཆོག་པའི་ཉམས་མྱོང་རྩ་ཆེན་འདོན་སྤྲོད་བྱས་ཡོད། ན་གཞོན་དེ་དག་གི་འབད་བརྩོན་འོག་མདའ་བཞི་སྡེ་བའི་སང་ཉིན་སྔར་ལས་མཛེས་སྡུག་ལྡན་པར་ཡིད་ཆེས་ཡོད།


མཉམ་སྤྱོད།