དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཉི་མ་ཚེ་རིང་ལ་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་མཚན་སྙན་ཐོབ།

2025-05-26 09:43:50   |   88

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5པའི་ཚེས23ཉིན། རྒྱལ་ཡོངས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་གཟེངས་རྟགས་སྤྲོད་པའི་ཚོགས་ཆེན་པེ་ཅིང་དུ་སྐོང་འཚོགས་བྱས་པ་དང་། བློ་མཐུན(ཚོགས་ཆུང)60ལ་སྐབས་དགུ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་གཟི་བརྗིད་མཚན་སྙན་སྤྲད་པ་དང་། བློ་མཐུན(ཚོགས་ཆུང)239ལ་སྐབས་དགུ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་མིང་འདོན་བྱ་དགའ་སྤྲད་ཡོད། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་གྱི་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་རིང་རྒྱལ་ཡོངས་ཀྱི་གཞན་ལ་རོགས་རམ་བྱེད་པར་དགའ་བའི་དཔེ་བཟང་ལ་བདམས་ཐོན་བྱུང་ཡོད།

1.png

ད་ཐེངས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་གི་གཟི་བརྗིད་མཚན་སྙན་ཐོབ་པའི་སྐོར་གླེང་སྐབས། ཁོང་གིས་ད་རེས་ང་རང་ལ་བྱ་དགའ་ཆེན་པོ་དེ་འདྲ་ཞིག་གནང་བ་རེད། དེ་ནི་རྒྱལ་ཁབ་ནས་ང་དང་ང་འདྲ་བའི་ལོ་མང་རིང་སྤྱི་ཕན་གྱི་བྱ་གཞག་ཆེད་འབད་འབུངས་བྱེད་བཞིན་པའི་སྐྱེ་བོ་ཚོའི་ལས་ཀར་ཁས་ལེན་གནང་བ་ཞིག་རེད་ལ། ཏང་དང་མི་དམངས་ཀྱིས་ང་ཚོར་ཡིད་ཆེས་གནང་བ་ཞིག་ཀྱང་རེད། ཕྱིས་འབྱུང་ངས་སྤྱི་ཚོགས་ཀྱི་ཕན་བདེའི་བྱ་གཞག་ཆེད་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས། ཉི་མ་ཚེ་རིང་གིས་ད་ཕན་བགྲང་བྱ་དུ་མའི་རིང་སྤྱི་ཚོགས་ཕན་བདེའི་བྱ་གཞག་ནང་ཧུར་ཐག་ཞུགས་ཤིང་། སྔ་རྗེས་སུ་བྱིས་པའི་ཕན་བདེ་ཁང་བཙུགས་ནས་དྭ་ཕྲུག་མང་པོ་གསོ་སྐྱོང་གནང་བ་དང་། བྱིས་པ་ཚོར་ཕྱིས་འབྱུང་མེས་རྒྱལ་ལ་ཞབས་འདེགས་ཞུ་བ་དང་མི་གཞན་ལ་གཅེས་སྐྱོང་བྱེད་ཐུབ་མཁན་གྱི་མི་ཞིག་བྱ་རྒྱུའི་སློབ་གསོ་ཡང་ཡང་གཏོང་གི་ཡོད། གཞན་ད་དུང་ཁོང་གིས་ལོ་ལྟར་ཏང་གི་སྲིད་ཇུས་དང་། བདེ་ཐང་ཤེས་བྱ་ཁྱབ་གདལ། ཁོར་ཡུག་སྲུང་སྐྱོང་འདུ་ཤེས་དྲིལ་བསྒྲགས་སོགས་ཀྱི་བྱ་བ་འབོར་ཆེན་ཞིག་སྒྲུབ་མུས་རེད་ལ། དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་དང་རོགས་རམ་ཡང་གང་ལེགས་གནང་བཞིན་ཡོད། ཉི་མ་ཚེ་རིང་དགུང་ལོ་ཕྲ་དུས་ནས་ཡབ་ཡུམ་གཉིས་པོ་ཚེ་ལས་འདས་ཤིང་། ཁོང་ནི་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་ཁྱིམ་མཚེས་གཡོན་གཡས་ཀྱི་རོགས་རམ་འོག་འཚར་ལོངས་བྱུང་བ་ཞིག་རེད། དེར་བརྟེན། དྭ་ཕྲུག་ལ་སྤྱི་ཚོགས་ཀྱི་རོགས་རམ་དང་གཅེས་སྐྱོང་དེ་བས་མང་བ་དགོས་ཀྱི་ཡོད་པ་གསལ་པོར་མཁྱེན་གྱི་ཡོད། 2007ལོར། ཉི་མ་ཚེ་རིང་གིས་རོགས་རམ་བྱེད་དགོས་པའི་གཞིས་རྩེའི་དྭ་ཕྲུག་རང་གི་ཁྱིམ་དུ་ཁྲིད་ནས་གསོ་སྐྱོང་གནང་རྒྱུའི་ཐག་བཅད། དེ་ནས་ཁོང་གིས་སྦག་སྦག་ཞོན་ནས་ལུང་ཁུག་གི་གྲོང་གསེབ་དང་ས་བབ་མཐོ་བའི་འབྲོག་ཁུལ་དུ་ཕེབས་ཏེ། སྔ་རྗེས་སུ་བསམ་གྲུབ་རྩེ་ཆུས་དང་རྒྱལ་རྩེ་རྫོང་རིན་སྤུངས་རྫོང་སོགས་ནས་ཡོང་བའི་དྭ་ཕྲུག27བྱམས་དང་བརྩེ་བས་སྐྱོང་མགོ་ཚུགས་ཡོད། 2008ལོར་གཞིས་རྩེ་གྲོང་ཁྱེར་དམངས་སྲིད་ཅུའི་ཆོག་མཆན་ཐོབ་པ་བརྒྱུད། ཉི་མ་ཚེ་རིང་གིས་བྱིས་པའི་ཕན་བདེ་ཁང་བཙུགས་པ་དང་ཕྲུ་གུ་ཚོར་བསམ་བློའི་ཤུགས་རྐྱེན་དང་རིག་གནས་སློབ་གསོ་ལེགས་པར་ཐོབ་ཡོད།

2.jpg

ཉི་མ་ཚེ་རིང་གིས་ཏང་གི་མཛད་ཕྱོགས་སྲིད་ཇུས་དྲིལ་སྒྲོག་དང་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་བཞིན་ཡོད་པ་དང་། ད་བར་གཞིས་རྩེའི་རྫོང་དང་ཆུས18ཚང་མར་སྒྲོག་འགྲེལ་གནང་མྱོང་། ཉི་མ་ཚེ་རིང་གིས་བོད་རང་སྐྱོང་ལྗོངས་ཨེ་ཙི་ནད་འགོག་བཅོས་མཐུན་ཚོགས་བཙུགས་ནས། ཨེ་ཙི་ནད་འགོས་མཁན་ལ་གཅེས་སྐྱོང་བྱེད་པའི་ལས་དོན་སྤེལ་བ་དང་། ཨེ་ཙི་ནད་འགོག་བཅོས་སྐོར་གྱི་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་ཐེངས་བརྒྱ་ཕྲག་ཁ་ཤས་གནང་ཡོད། 2023ལོར་གཞིས་རྩེ་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག ཉི་མ་ཚེ་རིང་གིས་གཞིས་རྩེ་གྲོང་ཁྱེར་མྱང་ཆུ་གཙང་པོའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་འཛུགས་རྒྱུའི་གྲོས་མགོ་བཏོན་པ་མ་ཟད། མ་དངུལ་གྲབས་གསོག་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་བྱེད་སྒོ་མང་པོ་སྤེལ་གནང་ཡོད། ཁོང་གིས་ད་དུང་ལོ་རེའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སོགས་ཀྱི་སྐབས་ལ་འཚོ་བའི་དངོས་ཟོག་སྣ་ཚོགས་བསྡུ་རུབ་ཧུར་ཐག་གནང་ནས། དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་རོགས་རམ་གནང་གི་ཡོད།


མཉམ་སྤྱོད།