དེ་རིང་ནི2025ལོའི་ཟླ07པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《དེང་རབས་རྒྱ་ཡིག་ཚིག་མཛོད》རྒྱ་བོད་ཤན་སྦྱར་དེབ་ཆ་ཚང་གི་དཔེ་སྐྲུན་འགྲེམ་སྤེལ་བཞུགས་མོལ་ཚོགས་འདུ་བསྡུས་པ།

2025-07-12 18:57:20   |   108

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ7པའི་ཚེས11ཉིན། 《དེང་རབས་རྒྱ་ཡིག་ཚིག་མཛོད》རྒྱ་བོད་ཤན་སྦྱར་དེབ་ཆ་ཚང་གི(གཤམ་དུ《ཚིག་མཛོད》ཅེས་བསྡུ་རྒྱུ)དཔེ་སྐྲུན་འགྲེམ་སྤེལ་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་པད་གོས་གཏམ་བཤད། རྒྱལ་ཡོངས་དམངས་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཟུར་པ་དོན་གྲུབ་དབང་འབུམ་གྱིས་བརྙན་ལམ་ནས་གཏམ་བཤད་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་ཚོགས་འདུར་ཞུགས།

1.jpg

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན།《ཚིག་མཛོད》དཔེ་སྐྲུན་འགྲེམ་སྤེལ་བྱས་པ་དེས་བོད་འབྲེལ་ས་ཁུལ་གྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཀྲུང་ཧྭའི་རིག་གནས་ཀྱི་མོས་སེམས་ཆེ་རུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་རྒྱུར་སྟབས་བདེ་དང་། ཚད་ལྡན། དབང་གྲགས། ཚན་རིག་དང་མཐུན་པ་བཅས་ཀྱི་ཡོ་བྱད་དཔེ་ཆ་མཁོ་འདོན་བྱས་ཤིང་། ཕན་ཚུན་གྱི་སྐད་ཡིག་སློབ་སྦྱོང་བྱས་ཏེ། སྐད་ཆ་ཕན་ཚུན་འབྲེལ་བར་བརྟེན་ནས་སེམས་པ་གཅིག་མཐུན་དང་། ལས་དབང་གཅིག་མཐུན་ཡོང་རྒྱུར་སྦྲེལ་ཟམ་དང་ཐབས་ལམ་གསར་པ་མཁོ་འདོན་བྱས་ཡོད་པས། བོད་འབྲེལ་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། མི་རིགས་སོ་སོའི་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྔར་བས་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད། རེ་བར་ས་གནས་སོ་སོ་དང་སྡེ་ཁག་སོ་སོ། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭས《ཚིག་མཛོད》ཁྱབ་གདལ་བེད་སྤྱོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཁེབས་རྒྱ་ཆེ་རུ་གཏོང་བ་དང་། ཤེས་རྟོགས་ཐུབ་ཚད་མཐོ་རུ་བཏང་ནས། 《ཚིག་མཛོད》ཀྱི་རིན་ཐང་ཆེ་ཤོས་འདོན་སྤེལ་བྱེད་དུ་འཇུག་དགོས།

2.jpg

པད་གོས་བསྟན་དོན། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་ནང་གི་མི་རིགས་མི་འདྲ་བའི་དབར་ཕན་ཚུན་ཡིག་སྒྱུར་དང་རིག་གཞུང་གི་དབང་གྲགས་ཧ་ཅང་ཆེ་བའི་སྐད་ཡིག་ཡིག་སྒྱུར་ཡོ་བྱད་དཔེ་དེབ་ཡིག་སྒྱུར་དང་པར་སྐྲུན་བྱ་རྒྱུ་ནི་ང་ཚོས་འཛམ་གླིང་ལ་ཀྲུང་ཧྭའི་དཔལ་ཡོན་མངོན་པར་བྱེད་པའི་དཔང་རྟགས་ནུས་ལྡན་ཞིག་རེད།《ཚིག་མཛོད》དཔེ་སྐྲུན་འགྲེམ་སྤེལ་བྱས་པ་ནི་རྒྱལ་སྤྱིའི་སྟེང་མི་རིགས་སྐད་ཡིག་རིག་གནས་ཀྱི་སྐད་བརྡའི་མ་ལག་གསར་འཛུགས་བྱེད་པའི་གནད་འགག་གི་ལྷུ་ཚིགས་ཤིག་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པར་བརྩི་འཇོག་དང་འགན་སྲུང་བྱས་ཤིང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་བའི་བྱེ་བྲག་གི་མངོན་ཚུལ་ཞིག་ཡིན།《ཚིག་མཛོད》ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མི་རིགས་སོ་སོའི་མང་ཚོགས་ཀྱིས《ཚིག་མཛོད》སློབ་སྦྱོང་བྱས་པ་བརྒྱུད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དེ་བས་ཁོང་དུ་ཆུད་པ་བྱས་ནས་མི་རིགས་སོ་སོས་གཞི་རྒྱ་དེ་བས་ཆེ་བ་དང་། ཁྱབ་ཁོངས་སྔར་ལས་ཆེ་བ། རིམ་པ་སྔར་ལས་གཏིང་ཟབ་བཅས་སུ་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་དགོས།

3.jpg

《ཚིག་མཛོད》སྟོད་ཆ་དང་བར་ཆ་སྨད་ཆ་བཅས་དེབ་གསུམ་དུ་ཕྱེ་ཡོད་ཅིང་། རྒྱ་ཡིག་གི་ཐ་སྙད་ཁྲི7ལྷག་དང་། བོད་ཡིག་གི་ཐ་སྙད་ཁྲི20ལྷག་བསྡུས་ཡོད་ལ། ཐ་སྙད་ཡོད་པ་དང་། སྒྲ་སྦྱོར་ཡོད་པ། འགྲེལ་བཤད་ཡོད་པ། དཔེར་བརྗོད་ཡོད་པ་བཅས་ཡིག་འབྲུ་ཁྲི1000ལྷག་ཟིན་ཞིང་། བསྒྱུར་ཚིག་བསྡུས་གཙང་དང་གནད་ལ་འཁེལ་བ། སྤྱོད་གོ་ཆོད་པ་བཅས་ཡིན། དུས་མཚུངས་སུ། བོད་ཡིག་གི་བརྡ་སྤྲོད་ཁྱད་ཆོས་ལ་བརྩི་སྲུང་བྱས་ནས་ཐ་སྙད་ཀྱི་རྣམ་པ་བརྗེ་སྒྱུར་དང་ཐ་སྙད་ཀྱི་ནང་དོན་བརྗེ་སྒྱུར་གཞི་གཅིག་ཏུ་འདྲེས་པར་བྱས་ཏེ། གསར་གཏོད་རང་བཞིན་གྱི་བརྗེ་སྒྱུར་དང་། ཚད་ལྡན་རང་བཞིན་གྱི་ལོ་ཙཱ། ཡང་དག་རང་བཞིན་གྱི་མཚོན་ཚུལ་བཅས་མངོན་འགྱུར་བྱུང་ཡོད།

གྲོས་ཚོགས་ཀྱིས་ཡོལ་བ་ཕྱེ་བའི་མཛད་སྒོ་སྤེལ་བ་དང་། འབྲེལ་ཡོད་ལས་ཁུངས་དང་། གྲོང་ཁྱེར་དང་ཁུལ། སློབ་མའི་འཐུས་ཚབ་བཅས་ལ་ཚིག་མཛོད་ཀྱི་ལེགས་སྐྱེས་བྱིན་པ་དང་། ཆེད་མཁས་པའི་འཐུས་ཚབ་ཀྱིས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད།


མཉམ་སྤྱོད།