དེ་རིང་ནི2025ལོའི་ཟླ08པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པའི་གྲ་སྒྲིག་བྱ་བ་ཕལ་ཆེར་ཡོངས་འགྲུབ་བྱས།

2025-08-04 17:23:54   |   323

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཟླ8པའི་ཚེས20ཉིན་ནས་ཚེས25ཉིན་བར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་འཚོག་རྒྱུ་དང་། ཟླ8པའི་ཚེས20ཉིན་མགོ་རྩོམ་མཛད་སྒོ་འཚོག་རྒྱུ་དང་ཟླ8ཚེས25ཉིན་མཇུག་བསྡུ་བའི་མཛད་སྒོ་བསྡུ་རྒྱུ་རེད།

སྐབས་འདིའི་འགྲན་བསྡུར་ནི་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུ་གཉིས་ཀྱིས་གཙོ་སྒྲུབ་བྱེད་པ་དང་། རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་ཁུར་རྒྱུ་རེད། ཁྱོན་སྡོམ་པས་འཐུས་ཚབ་ཚོགས་པ20དང་རུ་ཁག19འགྲན་བསྡུར་ནང་ཞུགས་རྒྱུ་དང་། འགྲན་ཞུགས་མི་གྲངས1933ཡོད་ལ། འགྲན་ཞུགས་རུ་ཁག་ཁྲོད་གྲོང་ཁྱེར་དང་ཁུལ་བརྒྱད་དང་རང་སྐྱོང་རྫོང་བདུན། ཞིང་ཆེན་ནང་ཁུལ་གྱི་སློབ་ཆེན་ལྔ་བཅས་ཡོད། འགྲན་བསྡུར་རྣམ་གྲངས་དང་འཁྲབ་སྟོན་རྣམ་གྲངས་ཆེ་གྲས་གཉིས་བཀོད་སྒྲིག་བྱས་ཡོད་ལ། རྣམ་གྲངས་ལ་མི་རིགས་ཀྱི་དྲག་རྩལ་དང་།  ཐག་འཐེན། སྒྱེ་འགྱོག མི་རིགས་ཀྱི་རྣམ་པའི་མདའ་འཕེན། མི་རིགས་ཀྱི་རྣམ་པའི་འཇུ་རེས།  མི་རིགས་ཀྱི་རྟ་རྩལ། བོད་ཀྱི་མིག་མངས་སོགས་རྣམ་གྲངས་ཆེ་གྲས10དང་ཆུང་གྲས55ཡོད་པ་དང་། འཁྲབ་སྟོན་རྣམ་གྲངས་དེ་རྩལ་འགྲན་རིགས་དང་། རྩལ་ནུས་རིགས། ཕྱོགས་བསྡུས་རིགས་བཅས་སུ་དབྱེ་ཡོད་པ་དང་། འཐུས་མི་ཚོགས་པ13དང་རྩ་འཛུགས1རེ་ལ་ལྟད་མོ་རང་བཞིན་དང་རྩལ་འགྲན་རང་བཞིན་གྱི་མི་རིགས་ཀྱི་ལུས་རྩལ་འཁྲབ་སྟོན་རྣམ་གྲངས་ཡོད་པ་རེད།

སྐབས་རིམ་བྱུང་གི་འགྲན་བསྡུར་དང་བསྡུར་ན། སྐབས་འདིའི་འགྲན་བསྡུར་གྱི་རྣམ་པ་སྔར་ལས་སྣ་མང་ཕུན་ཚོགས་ཡིན་ལ། “ཞིང་ལས་དང་ལུས་རྩལ། རིག་གནས། གནས་སྐོར། ཚོང་ལས”མཉམ་འདྲེས་ཐོག་འགྲན་བསྡུར་གཉེར་བའི་ལམ་སྲོལ་གསར་གཏོད་བྱས་པ་དང་། སྔོན་གྱི་གཅིག་སྡུད་ཐོག་འགྲན་བསྡུར་བྱེད་ཐབས་ལ་འགྱུར་ལྡོག་བཏང་སྟེ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྣམ་གྲངས10རྨ་ལྷོ་ཁུལ་གྱི་གྲོང་ཁྱེར་དང་རྫོང4རུ་བགོས་པ་མ་ཟད། རྣམ་གྲངས་ཚང་མ་ས་གནས་དེ་གའི་མཚོན་རྟགས་རང་བཞིན་གྱི་མཛེས་ལྗོངས་ཁུལ་དང་རིག་གནས་སྲང་ལམ་དུ་བདམས་པ་རེད། དེའི་ཁྲོད་རེབ་གོང་གྲོང་ཁྱེར་གྱིས་བོད་འཇིག་དང་སྐོར་བྲོ་སྒྲུབ་འགན་ཁུར་བ་དང་། གཅན་ཚ་རྫོང་གིས་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་དང་དྲག་རྩལ་སྒྲུབ་འགན་ཁུར་བ་དང་། རྩེ་ཁོག་རྫོང་གིས་ཐག་འཐེན་དང་། སྒྱེ་འགྱོག གཡག་རྒྱུག་འཐེན་པའི་སྒྲུབ་འགན་འཁུར་བ། ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་རྟ་རྩལ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཇུ་རེས་བཅས་ཀྱི་འགན་འཁུར་ཡོད། ལུས་རྩལ་པས་འགྲན་བསྡུར་བྱེད་པའི་ཞོར་དུ་ས་གནས་ཀྱི་རིག་གནས་ཉམས་ལེན་བྱེད་རྒྱུར་སྐུལ་ཁྲིད་བྱས་ཏེ“འགྲན་བསྡུར་ཐེངས་གཅིག་གིས་ས་གནས་ལ་གསོན་ཤུགས་འཕེལ་བའི”དོན་སྙིང་མངོན་འགྱུར་ཡོང་བར་བྱེད་དགོས་པ་དང་། འགྲན་བསྡུར་གྱི་བྱེད་སྟངས་སྣ་ཚོགས་བརྒྱུད། ལུས་རྩལ་འགྲན་ཚོགས་ཀྱི་སྤྱི་ཚོགས་ནུས་པ་སྔར་ལས་ཆེ་རུ་གཏོང་བ་དང་ལས་རིགས་མང་པོ་མཉམ་འབྲེལ་བྱེད་པའི་ཕན་འབྲས་ཆེ་རུ་བཏང་ནས་ས་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“སྒུལ་ཤུགས”སུ་འགྱུར་བར་བྱེད་དགོས།

སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་བཀོད་སྒྲིག་ཁྲོད་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་སྲོལ་རྒྱུན་ལུས་རྩལ་གྱི་ཉིང་བཅུད་མཚོན་པའི་རྣམ་གྲངས་ཁག་ཅིག་གསར་སྣོན་དང་སོར་འཇོག་བྱས་ཡོད་པ་དང་། “གདོད་མའི་ཉམས་འགྱུར”ལྡན་པའི་དམངས་སྲོལ་གོམས་གཤིས་སོར་འཇོག་བྱས་ཡོད་ལ། འགྲན་བསྡུར་གྱི་སྒྲིག་སྲོལ་ཚད་ལྡན་དུ་བཏང་བ་བརྒྱུད“སྤྲོ་སྣང་རང་བཞིན་དང་རྩལ་འགྲན་རང་བཞིན”དོ་སྙོམས་ཡོང་བར་བྱས་ཡོད།  རྣམ་གྲངས་བཀོད་སྒྲིག་ལེགས་སྒྲིག་བྱས་པ་དེས་འགྲན་བསྡུར་གྱི“མི་རིགས་རང་བཞིན”གྱི་ངོ་བོ་མངོན་གསལ་སྒོས་མཚོན་ཡོད་ལ། མི་རིགས་ཁག་གི་སྲོལ་རྒྱུན་རིག་གནས་སྤེལ་རེས་དང་འགྲེམས་སྟོན་བྱེད་པའི་གསོན་ཉམས་དོད་པའི་གཞི་རྟེན་དུ་གྱུར་ཡོད།

གསར་འགོད་པས་ཤེས་གསལ་ལྟར་ན། རྨ་ལྷོ་ཁུལ་གྱིས་སྔ་རྗེས་སུ་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་བརྒྱད་བཏང་ནས་རྨ་ལྷོ་ཁུལ་ལུས་རྩལ་ར་བ་སྒྱུར་བཀོད་རིམ་སྤོར་བྱས་པ་དེས་འགྲན་བསྡུར་གྱི་དགོས་མཁོ་སྐོང་ཐུབ་ལ། ས་གནས་དེ་གའི་མི་རིགས་ལུས་རྩལ་རིག་གནས་རྒྱུན་འཛིན་བྱེད་པའི་མཚོན་རྟགས་རང་བཞིན་གྱི་འཛུགས་སྐྲུན་ཞིག་དུ་གྱུར་ཡོད། ལུས་རྩལ་ར་བའི་སྒྲིག་བཀོད་དང་ཞབས་ཞུའི་ཚད་གཞི་སྔར་ལས་ཇེ་ལེགས་སུ་བཏང་ཡོད། འགྲན་བསྡུར་མཇུག་རྫོགས་རྗེས་དུས་ཡུན་རིང་བོར་མང་ཚོགས་ཀྱི་ལུས་རྩལ་འགྲན་བསྡུར་བྱེད་སྒོ་སྤེལ་ཆོག་ལ“འགྲན་བསྡུར་བྱེད་ཐེངས་གཅིག་གིས། འགྲན་ཁང་ཁག་གཅིག་དར་སྤེལ་གཏོང་ཐུབ་ལ། ས་ཁུལ་དེའི་མང་ཚོགས་ལ་ཕན་འདོགས་པ”བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་ཐུབ།  དུས་མཚུངས་སུ་ཚོགས་སྤྱི་དང་མི་སྒེར་གྱི་རྣམ་གྲངས་ཁག་ཅིག་གི་ཁྲོད་རྒྱ་རིགས་ལུས་རྩལ་པ་ཞུགས་ཚད་སྐབས་སྔོན་མ་ལས་ཅུང་མཐོ་རུ་ཕྱིན་ཡོད་ལ། འགྲན་བསྡུར་དེ་ལོ་ན་རིམ་པ་ཁག་གིས་མི་རིགས་ལུས་རྩལ་སྤེལ་རེས་དང་། མཉམ་འདྲེས་བཅས་ཀྱི་ལས་སྟེགས་ཤིག་ཏུ་འགྱུར་བར་བྱས་ཏེ་མི་རིགས་ལུས་རྩལ་འཕེལ་རྒྱས་སྔར་ལས་ཆེ་རུ་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏང་ཡོད།


མཉམ་སྤྱོད།