དེ་རིང་ནི2025ལོའི་ཟླ08པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཉིན368རིང་ལ་སྨོན་ལམ་མཐོན་པོའི་དབུ་རྩེའི་མཛེས་ལྗོངས་ཐད་གཏོང་གིས་མི་ཁྲི184ཡི་མིག་དབང་འཕྲོག

2025-08-15 09:53:07   |   77

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


2024ལོའི་ཟླ8པའི་ཚེས10ཉིན་ཐད་གཏོང་ཤར་གཏོང་བྱས་པ་ནས་བཟུང་།“སྨོན་ལམ་མཐོན་པོའི་ཆུ་ཚོད24རིང་གི་ཐད་གཏོང”ཉིན368རྒྱུན་འཁྱོངས་བྱས་ཤིང་། ལྟད་མོ་བ་མི་ཐེངས་ཁྲི184ཡི་མིག་དབང་བཀུག་པ་དང་།  དེའི་ནང2025ལོའི་ཟླ1པོ་ནས་ཟླ8པའི་བར་ཐད་གཏོང་ལ་བལྟ་མཁན་མི་ཐེངས་ཁྲི123ལས་བརྒལ་ཏེ་སྨོན་ལམ་མཐོན་པོའི་མཛེས་པ་ཕྱི་ལ་སྒྲོག་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད།

1.png

སྨོན་ལམ་མཐོན་པོའི་དབུ་རྩེ་ནས་མཚོ་སྔོན་པོར་ལྟ་བའི་ཐད་གཏོང་བརྙན་མིག

2.png

སྨོན་ལམ་མཐོན་པོའི་དབུ་རྩེ་ནས་གསེར་དངུལ་ཐང་ནུབ་མཚོ་གྲོང་རྡལ་ལ་ལྟ་བའི་ཐད་གཏོང་བརྙན་མིག

2025ལོའི་ཟླ7པའི་ཚེས22ཉིན། ཐད་གཏོང་དེ་བརྙན་མིག་གཉིས་ཀྱི་ཐད་གཏོང་སྒོ་ཕྱེ་ནས“སྨོན་ལམ་མཐོན་པོའི་དབུ་རྩེ་ནས་མཚོ་སྔོན་པོར་ལྟ་བ”དང“སྨོན་ལམ་མཐོན་པོའི་དབུ་རྩེ་ནས་གསེར་དངུལ་ཐང་ནུབ་མཚོ་གྲོང་རྡལ་ལ་ལྟ་བའི”མཐོང་སྣང་འཆར་ངོས་གཉིས་བརྒྱུད་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི4024ཡོད་པའི་སྨོན་ལམ་མཐོན་པོའི་དབུ་རྩེ་དེ“རང་བྱུང་ལྗོངས་གཟིགས་སྟེགས་བུའི”ངོས་སུ་བསྒྱུར་ནས་ལྟད་མོ་བ་ཚོར་དབྱིངས་ཞུགས་རྣམ་པའི་མཐོ་སྒང་གི་མཛེས་པ་མཐོང་བའི་མིག་གི་མཆོད་པ་ཡག་པོ་ཞིག་བཤམས་ཡོད།

3.jpg

ཐད་གཏོང་བརྙན་མིག་གཉིས་ཀྱི་མཐོང་སྣང་།

བརྙན་མིག་གཉིས་ཀྱིས360རྣམ་པའི་ཡུལ་ལྗོངས་ཀྱི་མཛེས་རྣམ་མཐོང་ལམ་དུ་འདྲེན་བཞིན་ཡོད།

མཚོ་སྔོན་པོའི་ཡུལ་ལྗོངས་ཧྲིལ་བོ་མཐོང་བའི་གནས་མཐོ་ཤོས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་སྨོན་ལམ་མཐོན་པོའི་དབུ་རྩེ་ཡི་མཐོང་རྒྱ་ཧ་ཅང་ཡངས་པོ་ཡོད། སྨོན་ལམ་མཐོན་པོའི་དབུ་རྩེ་ནས་ལྷོ་ཕྱོགས་སུ་མཚོ་སྔོན་པོ་ལག་མཐིལ་དུ་བླངས་པ་དང་འདྲ་ལ། བྱང་ཕྱོགས་སུ་རྡུལ་ཕྲན་མཁར་གྱི་མཛེས་པ་མིག་གི་ལམ་དུ་མཚར་ཞིང་།  ཤར་ཕྱོགས་སུ་བྱེ་མ་གསེར་ལྡན་གྱི་གཟི་ཉམས་མཐོང་ལམ་དུ་མངོན་ཡོང་། ནུབ་ཕྱོགས་སུ་མཚོ་སྙིང་མ་ཧཱ་དེ་ཝ་རྒམ་བརླིང་གིས་གནས་པའང་མཐོང་ཐུབ། མཛེས་ལྗོངས་ཡོད་ཚད་བརྙན་མིག་གཅིག་གི་རམ་འདེགས་ཁྲོད་མིག་གི་དཔལ་དུ་འགྱུར་ལ་མཐོ་སྒང་ཁོ་ནར་གནས་པའི་མཛེས་སྡུག་དེ་ཡང་མིག་གི་རྒྱལ་མོའི་ལོངས་སྤྱོད་དུ་གྱུར་ཡོད།

ཐད་གཏོང་ནང་དམིགས་བསལ་གྱི་རོལ་དབྱངས་གྲགས་ཅན་གསུམ་རེས་མོས་ཀྱིས་གཏོང་བཞིན་ཡོད་ལ། ཝང་ལུའོ་པིན་གྱི་བརྩམས་ཆོས་གྲགས་ཅན《རྒྱང་ཐག་རིང་བའི་གནས་དེ་ན》ཞེས་པའི་རྩྭ་ཐང་གི་འཆར་ཡན་གླུ་དབྱངས་དང《གསེར་བུམ་ལྟ་བུའི་རི་བོ་ཆུང་ཆུང》ཞེས་པའི་རི་ཆུའི་མཛེས་པར་བསྔགས་པའི་གླུ་དབྱངས། ས་གནས་གླུ་བ་རྡོ་རྗེ་ཚེ་བརྟན་གྱིས་བླངས་པའི《སྨོན་ལམ་མཐོན་པོ》ཞེས་པའི་སྒྲ་དབྱངས་ཀྱིས་ཐད་གཏོང་ལ་རམ་འདེགས་གང་ལེགས་བྱས་ཡོད།

དབུ་རྩེའི་ཐད་གཏོང་གིས་མཐོ་སྒང་གི་དུས་ཚིགས་བཞིའི་འགྱུར་ལྡོག་ཟིན་ཐོར་བཀོད་ནས“གཞི་གྲངས་ཡིག་ཚགས”སུ་འགྱུར་པར་མ་ཟད། ཚན་རྩལ་གྱི་བྱེད་ཐབས་ལ་བརྟེན་ནས་དུས་དང་བར་སྟོང་གི་དབྱེ་མཚམས་གཏོར་ནས་རྒྱ་ཆེའི་དྲ་གྲོགས་ཚོ་སྒོར་མ་བུད་ཀྱང“སྤྲིན་པའི་ལྗོངས་གཟིགས་སྟེགས་བུར”བསྡད་ནས་མཚོ་སྔོན་པོའི་སྐྱ་རེངས་དང་ས་སྲོད་ཀྱི་སྐར་མའི་རྒྱུ་བ། གསེར་དངུལ་རྩྭ་ཐང་གི་དུས་བཞིའི་འགྱུར་ལྡོག་ཉམས་སུ་མྱོང་ཐུབ།


མཉམ་སྤྱོད།