དེ་རིང་ནི2025ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རིག་འཛིན་གྱི་ཆེད་དེབ་གསར་པ་པར་སྐྲུན་བྱས་པ།

2025-09-22 08:53:53   |   197

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  བཤེར་འབེབས། རིན་ཆེན་ཚེ་རིང་།


7370ef6143edd350c70571019a7492e8.jpg

《དེང་རབས་བོད་ཀྱི་རྒྱ་བོད་ལོ་ཙཱ་བའི་ངག་བརྗོད་ལོ་རྒྱུས་ཞིབ་འཇུག》ཅེས་པའི་དེབ་འདིར། རྒྱ་བོད་ལོ་ཙཱ་བ་གྲགས་ཅན་སུམ་ཅུར་ཉེ་བར་དྲི་བ་དྲིས་ལན་གྱི་སྒོ་ནས་བཅར་འདྲི་བྱས་ཐོག དེང་རབས་ལོ་ཙཱ་རིག་པའི་གཞུང་ལུགས་ལ་རྒྱབ་བརྟེན་ནས། ཁོང་ཅག་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་གཤིས་དང་། ཁོང་ཚོས་གཞན་གྱི་རིག་གནས་ནང་འདྲེན་དང་རང་གི་རིག་གནས་ཕྱི་སྤེལ། ཡང་ན་རྒྱ་བོད་ལོ་ཙཱའི་ལག་ལེན་དང་གཞུང་ལུགས་གང་ཅིའི་ཐད་ཀྱི་མཛད་རྗེས་གཙོ་བོ་དག་རིགས་དབྱེ་དང་ཕྱོགས་སྡོམ། དབྱེ་ཞིབ། དེ་མིན་གནའ་དེང་དང་རང་གཞན་ཞིབ་བསྡུར་སྒོས་ད་དུང་སྟོབས་བསྐྱེད་དགོས་པའི་རིགས་རེ་རེ་བཞིན་གསལ་འདོན་བྱས་ཏེ། མ་འོངས་པའི་རྒྱ་བོད་ལོ་ཙཱའི་ལས་དོན་འཕེལ་རྒྱས་སུ་འགྲོ་བར་ཕྱོགས་སྟོན་ཅི་ནུས་བྱས་ཡོད།

སྔོན་དུ་ཞུ་བའི་གཏམ།

བདག་ལོ་ངོ་མང་པོའི་རིང་ལོ་ཙཱའི་བགྱིད་སྒོ་ལ་ཉེ་བར་བཅར་དུས། ཅུང་ཟད་བློ་ཁ་མི་ཚིམས་པ་དང་གནད་ཀྱི་དོན་རྡོ་ཐེད་དུ་བོར་འདུག་སྙམ་པའི་རྟོག་པ་ཞིག་ཆུ་འབུར་སས་མི་ནོན་པ་ལྟར་སྐྱེས་ཡོང་། དེ་ལས་གནད་གཙོ་བོ་ཁ་ཡར་མཚན་གཞི་རུ་བཀོད་ན། རང་རེའི་སྔོན་བྱོན་ལོ་ཙཱ་བ་དག་གི་རྣམ་ཐར་ལ་ལྟ་རྟོག་བགྱིད་པའི་དུས་སུ་ཁོང་ཚོའི་རྣམ་ཐར་ཆེ་ཕྲ་ཅི་རིགས་སུ། ཁོང་རྣམས་ཀྱིས་ལོ་ཙཱ་ལ་སློབ་གཉེར་ཇི་ལྟར་མཛད་ཚུལ་དང་། ཐུན་མོང་མ་ཡིན་པའི་ལོ་ཙཱའི་ལྟ་དགོངས་ཅི་ཞིག་འཁྲུངས་ཚུལ། ལོ་ཙཱ་བྱེད་སྐབས་བྱེ་བྲག་གི་ཐབས་གང་འདྲ་སྤྱད་ཚུལ། དེ་ལྟར་སྤྱོད་པའི་དགོངས་གཞི་གང་ཞིག་ཡིན་པ། སོ་སོ་ལ་འགྱུར་ཆོས་གང་དག་བཞུགས་པ་དང་། དེ་དག་གི་ཁྱད་ཆོས་ཅི་འདྲ་ཡིན་པ་སོགས་གསལ་ཁ་ཅན་ཞིག་འཁོད་མེད་པ་དེ་རེད།

སྒོས་སུ་ད་ལྟའི་དངོས་གཞི་དང་ཞིབ་འཇུག་སློབ་མ་དག་ལ་དེང་རབས་རྒྱ་བོད་འགྱུར་རྩོམ་གྲགས་ཅན་དག་ཉམས་སུ་མྱོང་དུ་འཇུག་དུས། ཕལ་ཆེ་བས་འགྱུར་ཆོས་ལ་ཁུངས་གཏད་ནས་རང་གི་ཤེས་ཚོད་དང་འོལ་ཚོད་ཀྱིས་དཔྱད་བརྗོད་སྤེལ་བ་ཙམ་ལས་ལོ་ཙཱ་བས་ཅིའི་ཕྱིར་དེ་ལྟར་བསྒྱུར་པ་སོགས་ཀྱི་དགོངས་གཞི་དང་ཀུན་སློང་། དམིགས་རྩེ་གཏད་ས་སོགས་ཤེས་དཀའ་བར་གྱུར་པས། སྐབས་འགར་འགྱུར་དཔྱད་བཏང་བ་དེ་ཡང་ལྕགས་ཁྲབ་བྱང་བུ་དགུ་བརྩེགས་མཐིལ་གྱི་གཡན་པ་འཕྲུག་པ་ལྟ་བུར་གནད་སར་མ་ཕོག་པ་དང་། གཡག་ཞར་གྱིས་རྩྭ་ཟ་བ་བཞིན་གཡས་ནས་ཟིན་ཀྱང་གཡོན་ནས་ཤོར་བ། འདྲེ་ཤར་སྒོ་དང་གླུད་ནུབ་སྒོ་ལྟར་ཕྱོགས་ཁ་གཏན་ནོར་དུ་སོང་བའི་སྐྱོན་སོགས་བྱུང་ཡོད་པ་དེ་རེད།

གནད་དོན་དེའི་རིགས་ཇི་ལྟར་ཐག་གཅོད་པར་བྱ་དགོས་པར་བསམ་མནོ་གཏོང་དུས། ལོ་རྒྱུས་སྟེང་དུ་བྱུང་ཟིན་པ་དག་ནི་ནམ་མཁའི་སྨུག་སྤྲིན་མཐའ་རུ་དེངས་པ་ཇི་བཞིན་ཡལ་ཟིན་པས་སྔར་ཉེས་སླར་འདོམས་ཙམ་ལས་བྱ་ཐབས་མེད་མོད། ད་ལྟའི་རྒྱ་བོད་འགྱུར་རྩོམ་གྲགས་ཅན་རོལ་མྱོང་སྐབས་འཕྲད་པའི་གནད་དོན་འགའ་ཞིག་ནི་རང་ཅག་ལ་ད་དུང་སེལ་ཐབས་ཀྱི་རེ་བ་ཅུང་ཙམ་རེ་ཡོད་སྙམ་བྱུང་།

ཉིན་ཞིག་རང་རེའི་སློབ་གྲྭའི་ཁ་གཏད་དུ་ཡོད་པའི་ཤེས་རབ་སྒྲོན་མེ་དཔེ་ཁང་དུ་མྱུལ་སྐབས།མཁར་བུ་ཚེ་དབང་རྡོ་རྗེ་ལགས་ཀྱིས་མཛད་པའི《ཞལ་གསུང་གསེར་གྱི་ཕྲེང་བ¯བོད་ཀྱི་ཤེས་རིག་ཞིབ་འཇུག་གི་ངག་བརྗོད་ལོ་རྒྱུས་བསྡུས་པ》ཞེས་པ་དེབ་བཞིའི་བདག་ཉིད་ཅན་ཞིག་མཐོང་ཞིང་། དེའི་དཀར་ཆག་ལ་རགས་ཙམ་བལྟས་རྗེས་དཔེ་རབ་ཅིག་འཁྱོངས་འདུག་སྙམ་ནས་དེ་མ་ཐག་བླུས་ཤིང་མགོ་ནས་མཇུག་བར་ལྟ་རྟོག་གནད་དུ་ཐིངས་པ་ཞིག་བྱས་པ་ཡིན། དེ་ལས་བློ་སྐྱེད་མང་པོ་ཐོབ་སྟེ་དགའ་བ་སྐྱེས་ཤིང་། དེ་དང་མཉམ་དུ་རང་རེའི་རྒྱ་བོད་ལོ་ཙཱའི་ཐད་དུ་ཡང་བསྟན་བཅོས་འདི་འདྲ་ཞིག་ཡོད་ན་ཕྱིས་སུ་ལོ་ཙཱ་བའི་རྣམ་ཐར་གྱི་ཞལ་མི་གསལ་བ་དང་། འཐུས་མི་ཚང་པའི་སྐྱོན་དེའི་རིགས་འབྱུང་མི་སྲིད་པ་དང་། ད་ལྟའི་རྒྱ་བོད་འགྱུར་རྩོམ་གྲགས་ཅན་མྱོང་རོལ་སྐབས་ཀྱི་དཀའ་ཉོག་མང་པོ་ཞིག་ཀྱང་རང་བཞིན་གྱིས་སེལ་ཐུབ་སྙམ།

༢༠༡༩ལོ་ནས༢༠༢༢ལོའི་བར་གྱི་རྒྱ་བོད་ལོ་ཙཱའི་ཁ་ཕྱོགས་ཀྱི་ཞིབ་འཇུག་སློབ་མ་དག་ལ། ཁོ་བོས་དེང་རབས་ངག་བརྗོད་ལོ་རྒྱུས་རིག་པའི་གཞུང་ལུགས་རྒྱབ་རྟེན་དུ་བྱས་ཤིང་། བཅར་གླེང་གི་ཐབས་ལམ་གཙོ་བོར་གྱུར་པའི《དེང་རབས་བོད་ཀྱི་རྒྱ་བོད་ལོ་ཙཱ་བའི་ངག་བརྗོད་ལོ་རྒྱུས》ཞེས་པ་ཞིག་འབྲི་འདོད་པའི་དགོས་པ་རྒྱུ་མཚན་དང་བཅས་རེ་རེ་བཞིན་ངོ་སྤྲོད་བྱས་པ་ན། ཁོང་ཚོས་མགྲིན་གཅིག་དབྱངས་གཅིག་གིས་ལེགས་ཚུལ་བརྗོད་པར་མ་ཟད། ཕྱོགས་གང་ཅིའི་ཐད་ནས་རྒྱབ་སྐྱོར་དང་གྲོགས་དན་བྱེད་ངེས་པའི་རྣམ་འགྱུར་ཟོལ་མེད་དུ་བསྟན། དེ་ནས་བདག་གིས་ལས་འདི་སྒྲུབ་པའི་སྔོན་འགྲོའི་སྟ་གོན་གྱི་ཚུལ་དུ། ཁོང་ཚོ་དང་གྲོས་ཁ་ཡང་ཡང་བསྡུར་ནས་གཙོ་བོ་ད་ལྟ་མདོ་དབུས་ཁམས་གསུམ་ན་དངོས་སུ་འཚོ་བཞུགས་གནང་ཞིང་། གཞན་གྱི་རིག་གནས་ནང་འདྲེན་དང་རང་གི་རིག་གནས་ཕྱིར་སྤེལ་ཐད་བྱས་པ་ཟལ་ཐོན་བྱུང་བ་དང་། རིག་ཚན་མང་པོའི་ལོ་ཙཱ་བའི་མཚན་གཞི་དྲག་ཤོས་སུ་བགྲང་རིགས་པའི་མི་སྣ་ལྟ་བུར་གྱུར་པ་སུམ་ཅུ་ལྷག་བཅར་གླེང་ཞུ་ཡུལ་དུ་ཐོག་མར་གཏན་ཁེལ་བྱས་པ་ཡིན། ཡིན་ནའང་དངོས་སུ་ལག་ཏུ་བསྟར་དུས། ལ་ལས་ཞལ་བཞེས་ཁས་ལེན་མ་གནང་བ་སོགས་ཀྱི་དབང་གིས་མཇུག་མཐར་ནང་བསྟན་ལོ་ཙཱ་བར་དོར་ཞི་གདོང་དྲུག་སྙེམས་བློ་དང་། ལོ་ཙཱའི་རིག་གཞུང་སྨྲ་བར་དཔའ་རིས་སངས་རྒྱས། རྩོམ་རིག་ལོ་ཙཱ་བར་བཀྲས་གླིང་དབང་རྡོར། རྩོམ་རིག་ལོ་ཙཱ་བ་དང་ལོ་ཙཱའི་ལོ་རྒྱུས་སྨྲ་བར་འཕྲིན་ལས་ཆོས་གྲགས། སྲིད་རྩོམ་དང་གེ་སར་ལོ་ཙཱ་བར་འཇམ་དཔལ་རྒྱ་མཚོ། ཚད་རིག་ལོ་ཙཱ་བར་བློ་བཟང་ཆོས་གྲགས། བརྙན་འཕྲིན་འཁྲབ་གཞུང་ལོ་ཙཱ་བར་འཇམ་དབྱངས། རྩོམ་རིག་དང་ཚིག་མཛོད་ལོ་ཙཱ་བར་སངས་རྒྱས། རྒྱའི་རིག་གནས་བསྟན་བཅོས་ལོ་ཙཱ་བར་མགོ་ལོག་རྣམ་རྒྱལ། བརྡ་ཆད་ལོ་ཙཱ་བར་དགེ་གཉེན། གེ་སར་ལོ་ཙཱ་བར་གཅོད་པ་དོན་གྲུབ། ལོ་ཙཱའི་རིག་གཞུང་དང་རིག་ཚན་འཛུགས་སྐྲུན་པར་ཁྲི་བསམ་གཏན། གཞུང་ཡིག་ལོ་ཙཱ་བར་མགོན་པོ། བསླབ་གཞི་དང་ཚིག་མཛོད་ལོ་ཙཱ་བར་ཕག་མོ་དོན་གྲུབ། གསར་འགྱུར་ལོ་ཙཱ་བར་རྡོ་རྗེ་རིན་ཆེན། རྩོམ་རིག་ལོ་ཙཱ་བར་འཇུ་སྐལ་བཟང་། ལོ་ཙཱའི་ལོ་རྒྱུས་རང་གཞུང་སྨྲ་བར་ཞལ་ལྕེ་ལྷག་པ་ཚེ་རིང་། རྩོམ་རིག་ལོ་ཙཱ་བར་རྒྱ་ཡེ་བཀྲ་བྷོ། བཅའ་ཁྲིམས་ལོ་ཙཱ་བར་སྙིང་བོ་རྒྱལ། རྩོམ་རིག་ལོ་ཙཱ་བར་ལུང་རིན་ཆེན། གསར་འགྱུར་ལོ་ཙཱ་བར་ཨོ་རྒྱན། འཁྲབ་གཞུང་ལོ་ཙཱ་བར་རྡོ་རྗེ་ཚེ་བརྟན། གསོ་རིག་ལོ་ཙཱ་བར་རྣམ་རྒྱལ་ཐར། ཕྱི་རིག་ལོ་ཙཱ་བར་འགྱན་སངས། ཡིག་ཚང་ལོ་ཙཱ་བར་འཇམ་དབྱངས་དར་རྒྱས། སྒྲུང་རབས་ལོ་ཙཱ་བར་ཨོ་རྒྱན་སོགས་ཉེར་དྲུག་ཙམ་ལས་འདེམ་སྒྲུག་བྱུང་མ་ཐུབ་བོ། །

དེའི་རྗེས་ལོ་ཙཱ་བ་དེ་དག་སོ་སོའི་འབྲེལ་ཡོད་རྒྱུ་ཆ་དག་འཚོལ་སྡུད་དང་ཞིབ་ཀློག་བརྒྱུད་དེ་བཅར་འདྲིའི་མ་ཟིན་བཟོས་པ་དང་མ་ཟིན་དེ་ཡང་སུས་བསྒྱུར་དང་ཅི་ཞིག་བསྒྱུར་པ། ཅིའི་ཕྱིར་བསྒྱུར་པ། ཇི་ལྟར་བསྒྱུར་པ། བསྒྱུར་པའི་ཚུལ་ཇི་འདྲ་ཡིན་པ་དང་། ཡང་ན་ལོ་ཙཱ་བ་སོ་སོའི་མི་ཚེའི་ལོ་རྒྱུས་དང་ལོ་ཙཱའི་ལག་ལེན། འགྱུར་ཆོས་ངོ་སྤྲོད། ལོ་ཙཱའི་ལྟ་དགོངས། ལོ་ཙཱའི་མཛད་རྗེས། ལོ་ཙཱའི་ཤུགས་རྐྱེན་སོགས་ནང་དོན་གཙོ་བོའམ་གཞུང་སྐུད་དུ་བྱས་པ་ཡིན། དངོས་སུ་བཅར་གླེང་བྱེད་སྐབས་ཡུལ་དུས་རྐྱེན་གསུམ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ལ་ལར་ངོས་བཅར་དང་ལ་ལར་ཁ་པར་རམ་སྐད་འཕྲིན། ཡང་ན་བརྙན་ཟློས་སོགས་ཐབས་ལམ་སྣ་ཚོགས་འགབ་འོས་སུ་སྤྱད་པ་དང་། བཅར་གླེང་དག་ཀྱང་ཉིན་གཅིག་ཐེངས་གཅིག་ཙམ་གྱིས་འཕྲལ་མར་གྲུབ་པ་ཞིག་མིན་པར་ཟླ་ངོ་འགའ་ཡར་དང་ཐ་ན་ལོ་ངོ་མང་པོའི་རིང་དུ་ཡང་ནས་ཡང་དུ་དག་བཅོས་དང་ཞུས་དག་ཡིད་རྟོན་འཕེར་བ་བྱས་པ་ཡིན། ཐ་ན་བཅར་གླེང་གི་ནང་དོན་དེ་དག་ཡི་གེར་ཇི་བཞིན་ཕབ་པའི་རྗེས་སུ་ཡང་ཅི་ནུས་ཀྱིས་ལོ་ཙཱ་བ་དག་གི་སྤྱན་སྔར་ཕུལ་ཏེ་ཞུས་དག་མཛད་དེ་ནང་དོན་གྱི་ཆ་ཚང་རང་བཞིན་དང་བདེན་དངོས་རང་བཞིན་སོགས་ཁག་ཐེག་བྱས།

ཡིན་ནའང་། ཞིབ་ཏུ་བསམ་ཚེ་དེ་ཙམ་གྱིས་ད་དུང་ནང་དོན་དང་སྒྲིག་གཞི་གང་ཐད་ནས་སིལ་བུར་ཐོར་བའི་ཉམས་ཤིག་འདུག་པས། ཁོ་བོས་དེང་རབས་ལོ་ཙཱ་རིག་པའི་གཞུང་ལུགས་སྤྱད་ནས་ཁོང་ཚོའི་མཛད་རྗེས་གཙོ་བོ་དག་ལོ་ཙཱའི་ལག་ལེན་དང་ལོ་ཙཱའི་གཞུང་ལུགས། ལོ་ཙཱ་རིག་པའི་ཕྱི་ཡུལ་གྱི་མཐུན་རྐྱེན་འཛུགས་སྐྲུན་གསུམ་དུ་བསྡུས་ནས་ཕྱོགས་སྡོམ་བྱས་པ་དང་། དེབ་ཀྱི་མགོ་རུ་རྒྱབ་རྟེན་དུ་གྱུར་པའི་གཞུང་ལུགས་དང་ཐབས་ལམ། དེ་མིན་ད་དུང་ཞིབ་འཇུག་གི་རྒྱབ་ལྗོངས་དང་དམིགས་ཡུལ། དོན་སྙིང་། གསར་གཏོད་ཀྱི་ཆ་སོགས་བཀོད་ནས་ཅུང་གཅིག་གྱུར་དང་འཐུས་ཚང་དུ་བཏང་བ་ཡིན།

འདི་ལྟར་བགྱིས་པ་ལ་བརྟེན་ནས་གཅིག་ནས་གོང་གི་ལོ་ཙཱ་བ་དག་གི་ལོ་ཙཱའི་བརྒྱུད་རིམ་དང་ལོ་ཙཱའི་ལག་ལེན། ལོ་ཙཱའི་དམིགས་པ། ལོ་ཙཱའི་ངོས་འཛིན། ལོ་ཙཱའི་ཐབས་རྩལ། ལོ་ཙཱའི་ཁྱད་ཆོས། ལོ་ཙཱའི་ལྟ་དགོངས་སོགས་ཇི་བཞིན་མཚོན་ཐུབ་པ་དང་། གཉིས་ནས་རིགས་གཅིག་རྒྱ་བོད་ལོ་ཙཱ་བ་གྲགས་ཅན་དག་གི་ལོ་ཙཱའི་ལག་ལེན་དང་གཞུང་ལུགས། ལོ་ཙཱ་རིག་པའི་ཕྱི་ཡུལ་གྱི་ཆ་རྐྱེན་འཛུགས་སྐྲུན་ཐད་ཀྱི་མཛད་རྗེས་གཙོ་བོ་དག་ཕྱོགས་སྡོམ་ཡང་དག་བྱེད་ཐུབ། གསུམ་ནས་བརྒྱུད་པའི་སྒོ་ནས་རང་རེའི་ལོ་ངོ་བདུན་ཅུ་ལྷག་གི་རིང་བྱུང་བའི་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་སྲིད་འབྱོར་རིག་གསུམ་གྱི་འགྱུར་ལྡོག་སྣ་ཚོགས་རྟོགས་ཐུབ་པར་མ་ཟད། དེ་དག་ལ་བརྟེན་ནས་བྱུང་བའི་རང་རེའི་ལོ་ཙཱའི་ཕྱོགས་འགྱུར་དང་ལོ་ཙཱའི་ཁྱབ་ཁོངས། ལོ་ཙཱའི་གཙོ་གནད། ལོ་ཙཱའི་ཁྱད་ཆོས། ལོ་ཙཱའི་རྣམ་པ། དེ་བཞིན་དུ་བྱེ་བྲག་གི་ལོ་ཙཱའི་བྱེད་སྒོ་སོ་སོའི་ཕུགས་ཀྱི་རྒྱུ་རྐྱེན། དེ་མིན་ད་དུང་སྤྱི་ཚོགས་དང་ལོ་ཙཱ། ཆབ་སྲིད་དང་ལོ་ཙཱ། རིག་གནས་དང་ལོ་ཙཱ། སློབ་གསོ་དང་ལོ་ཙཱའི་འབྲེལ་བ་སོགས་ཀྱི་གནད་མང་པོ་ཞིག་ཀྱང་ཞོར་དུ་ཤེས་ཐུབ་ཅིང་། དེང་རབས་བོད་ཀྱི་རྒྱ་བོད་ལོ་ཙཱའི་ལས་དོན་འཕེལ་རིམ་གྱི་སྤྱི་ཁོག་རགས་མོ་ཞིག་ཀྱང་ཡིད་ལ་ངེས་འདྲོངས་འཕེར་བ་འབྱུང་ཐུབ་པར་སྙམ།

སྐབས་འདིར་མ་གླེང་ཐབས་མེད་དུ་གྱུར་པ་ཞིག་ནི་གོང་གི་ལོ་ཙཱ་བ་དག་གི་གཞན་ཕན་གྱི་ལྷག་བསམ་དང་བླ་མེད་ཀྱི་མཛད་སྤྱོད། མཐར་འདོན་གྱི་ཐུགས་རུས་དེ་ཡིན། དེ་ཡང་དོར་ཞི་རིན་པོ་ཆེ་མཆོག་དགུང་ལོ་དགུ་བཅུ་ལ་ཉེ་ཞིང་། རྒྱུན་པར་དབྱང་དབུགས་རྔུབ་དགོས་བྱུང་ན་ཡང་། བོད་ཀྱི་ལོ་ཙཱའི་བསྟན་པ་དར་བའི་ཆེད་དུ། ཐེངས་མང་པོར་བཅར་གླེང་དང་ལེན་མཛད་པར་མ་ཟད། མཐའ་ཟིན་ལ་ཞིབ་གཟིགས་ནན་མོ་མཛད་དེ།“ངའི་ལྟ་ཚུལ་ཡོང་འདུག”ཅེས་ཕྱག་ཐམ་བཀོལ་ནས་བཀའ་འཁྲོལ་གནང་བ་དང་། དཔའ་རིས་སངས་རྒྱས་ལགས་དགུང་ལོ་དགུ་བཅུར་བསླེབས་ཤིང་། པྲོག་དབྱིབས་ནད་དུག་ཕོག་ནས་སྨན་ཁང་དུ་བཞུགས་ན་ཡང་། སྙུན་བབ་ལ་མ་ལྟོས་པར་བཅར་གླེང་ཞལ་བཞེས་མཛད་པ་དང་། བཀྲས་གླིང་དབང་རྡོར་ལགས་དགུང་ལོ་གྱ་དྲུག་ལ་བསླེབས་མོད། རང་ཁྱིམ་དུ་ངལ་གསོའི་དུས་ཚོད་གང་མང་སྤྱད་ཅིང་སྔ་ཕྱིར་ཐེངས་གསུམ་ལ་དགའ་སྣང་སྤྲོ་སྣང་དང་ཀུ་རེ་རྩེད་མཚར་སྦྱར་ནས་དྲིས་ལན་སྣ་ཚོགས་ལེགས་པར་བསྐྱོན་པ་དང་། དེ་བཞིན་འཇམ་དཔལ་རྒྱ་མཚོ་དང་ཁྲི་བསམ་གཏན། ཞལ་ལྕེ་ལྷག་པ་ཚེ་རིང་། འགྱན་སངས། འཇམ་དབྱངས་དར་རྒྱས། ཨོ་རྒྱན་སོགས་ཡུལ་གྱིས་བསྐལ་ནའང་། སྐད་འཕྲིན་དང་བརྙན་ཟློས། ཡིག་ཟམ་སོགས་སྤྱད་ནས་ཐུགས་སུན་མེད་པར་དྲིས་ལན་ཞིབ་རྒྱས་སུ་གནང་བ། སངས་རྒྱས་དང་ཕག་མོ་དོན་གྲུབ། རྡོ་རྗེ་རིན་ཆེན། སྙིང་བོ་རྒྱལ་སོགས་ཀྱིས་མཚན་ཐོག་ཉིན་མཐུད་སྒོས《དེང་རབས་རྒྱ་ཡིག་ཚིག་མཛོད》ལོ་ཙཱ་བྱེད་པའི་སྐབས་སུ་ཁེལ་ན་ཡང་། ཁོམ་ལོང་ཅི་ཡོད་བཙལ་ནས་ལན་བསྐྱོན་པ་དང་ཞུས་དག་མཛད། མགོ་ལོག་རྣམ་རྒྱལ་དང་འཇུ་སྐལ་བཟང་ལགས་ཀྱིས་ཐང་སྐྱ་མོ་རྡོག་པས་བཅད་དེ་གནའ་མཁར་ཟི་ལིང་དུ་ཕེབས་ནས་བཅར་གླེང་གང་མང་མཛད་པས་དཀའ་ལས་སྐུ་ཚེགས་མང་པོ་མྱངས་པ་དང་། དགེ་གཉེན་དང་གཅོད་པ་དོན་གྲུབ། མགོན་པོ། རྒྱ་ཡེ་བཀྲ་བྷོ། ལུང་རིན་ཆེན། རྣམ་རྒྱལ་ཐར་སོགས་ཀྱིས་མགྲོན་བསུ་དང་བཅས་བཅར་གླེང་དང་ལེན་གནང་བར་མ་ཟད། འབྲེལ་ཡོད་ཀྱི་རྒྱུ་ཆ་སྣ་ཚོགས་གང་མཁོ་དེ་སྤྲོད་བྱས་པས་བདག་ཅག་གི་སེམས་རྩ་ཀུན་ནས་སྒུལ་བར་བྱས།

མདོར་ན། ཁོང་ཚོའི་བརྩེ་གཟིགས་ཟོལ་མེད་ལས་དེབ་འདི་བདེ་ལེགས་ངང་གྲུབ་པ་ཡིན་པས་འདིར་ཁོང་ཚོ་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག དེབ་འདིས་ཀྱང་ཞིབ་འཇུག་གི་ལམ་ཁ་གསར་བ་ཞིག་བཏོད་ནས་དེང་རབས་བོད་ཀྱི་རྒྱ་བོད་ལོ་ཙཱའི་བསྟན་པ་དར་ཞིང་རྒྱས་པའི་སྨོན་འདུན་ཞུ་བ་ཡིན།

3084589e88815c3549ea80acbec15f78.jpg

འདས་པའི་ལོ་བདུན་ཅུ་ལྷག་གི་རིང་། རྒྱ་བོད་ལོ་ཙཱ་བ་སྔ་ཕྱིར་མང་པོ་ཞིག་བྱོན་ཞིང་། དེ་དག་ཁྲོད་བོད་རྒྱ་ཧོར་ཧའེ་སོགས་མི་རིགས་སྣ་ཚོགས་པ་ཡོད་ལ། ཁོང་ཚོས་རྒྱ་བོད་ལོ་ཙཱའི་ལག་ལེན་དང་གཞུང་ལུགས་གང་ཅིའི་ཐད་མཛད་རྗེས་བླ་མེད་བསྐྲུན་ཏེ། དེང་གི་བོད་ཀྱི་རྒྱ་བོད་ལོ་ཙཱའི་ལས་དོན་དེ་རྣམ་པ་གསར་པ་ཞིག་ཏུ་བསྒྱུར་པར་མ་ཟད། འཕེལ་རྒྱས་ཀྱི་མཐོ་རླབས་གསར་པ་ཞིག་ཀྱང་ཀུན་ནས་བསླངས་སོ། །དེ་བས། མིག་སྔར་རྒྱ་བོད་ལོ་ཙཱའི་ལོ་རྒྱུས་སྤྱི་དང་ཁྱད་པར་དུ་དེ་འབྲེལ་གྱི་ལོ་ཙཱ་བ་དང་དེ་ལས་ཀྱང་རིགས་གཅིག་ལོ་ཙཱ་བ་གྲགས་ཅན་དག་ལ་ད་ལྟའི་ཐབས་ལམ་གསར་པ་གང་རུང་གི་ལམ་ནས་ཆེད་དུ་ཞིབ་འཇུག་བྱ་རྒྱུ་ནི་དུས་རབས་ཀྱིས་ང་ཚོ་ལ་སྤྲད་པའི་འགན་འཁྲི་ཞིག་ཡིན་པ་མ་ཟད། དེང་རབས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱ་བོད་ལོ་ཙཱའི་ལས་དོན་འཛུགས་སྐྲུན་དང་ལོ་ཙཱ་རིག་པའི་ཞིབ་འཇུག་གི་ནང་དོན་གཙོ་བོའམ་གལ་ཆེན་ཞིག་ཏུའང་ཅི་ནས་ཀྱང་གྱུར་ཡོད་སྙམ། 

b61e3af61a48c636a696fd320c61af8a.jpg

རྩོམ་པ་པོ་ངོ་སྤྲོད།

རིག་འཛིན། ཕོ། བོད་རིགས། ༡༩༧༡ལོར་མདོ་སྨད་གཅན་ཚ་རུ་སྐྱེས། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། རྒྱ་བོད་ལོ་ཙཱའི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན། མཚོ་སྔོན་མི་རིགས་སློབ་ཆེན་ཏང་འཛུགས+འཇོན་མིའི་མཚན་ལྡན་དགེ་རྒན། སྤྱོད་བཟང་ལས་བརྩོན་གྱི་རིམ་པ་དང་པོའི་འཇོན་མི། མཚོ་སྔོན་ཞིང་ཆེན་གྱི་རབས་བདུན་པའི་རྐང་འཛིན་དགེ་རྒན། མཚོ་སྔོན་ཞིང་ཆེན་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཚོ་སྔོན་ཞིང་ཆེན་རྒྱ་བོད་ལོ་ཙཱ་བ་སྐྱེད་སྲིང་དང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་བཅས་ཡིན། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་བོད་རྒྱ་ལོ་ཙཱ་དང་རྒྱ་བོད་ལོ་ཙཱ་ཡིན་ཞིང་། དངོས་གཞི་དང་རབ་འབྱམས་པ། འབུམ་རམས་པ་བཅས་ལ《རྒྱ་བོད་ལོ་ཙཱའི་གཞུང་ལུགས་དང་ལག་ལེན》དང《རྒྱ་བོད་འགྱུར་རྩོམ་གྲགས་ཅན་རོལ་མྱོང་》《ལོ་ཙཱ་རིག་པ་སྤྱི་བཤད》《རྩོམ་ལུས་དང་ལོ་ཙཱ》སོགས་ཁྲིད་བཞིན་ཡོད་ལ། ཐེངས་གསུམ་ལ་མཚོ་སྔོན་ཞིང་ཆེན་སློབ་གྲྭ་ཆེན་མོའི་ན་གཞོན་དགེ་རྒན་གྱི་སློབ་ཁྲིད་འགྲན་སྡུར་ལས་བྱ་དགའ་ཨང་དང་པོ་ཐོབ་མྱོང་།

སྔ་གཞུག་ཏུ《ཀྲུང་གོའི་བོད་རིག་པ》དང《བོད་ལྗོངས་ཞིབ་འཇུག》སོགས་ཀྱི་སྟེང་རྒྱ་བོད་དབྱིན་གསུམ་གྱི་ལམ་ནས་དཔྱད་རྩོམ༦༠ལྷག་སྤེལ་བ་དང་། 《རྒྱ་བོད་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་ཞིབ་འཇུག》དང《རྒྱ་བོད་འགྱུར་རྩོམ་གྲགས་ཅན་དང་མྱོང་དཔྱད》 《བོད་ཀྱི་ཡིག་ཚང་རྒྱ་འགྱུར་ཇི་ལྟར་ཚད་ལྡན་དུ་གཏོང་བའི་སྐོར་དཔྱད་པ》(རྒྱ་ཡིག) 《ལོ་ཙཱ་རིག་པའི་གཞུང་ལུགས་རྣམ་བཤད》 《དེང་རབས་བོད་ཀྱི་རྒྱ་བོད་ལོ་ཙཱ་བའི་ངག་བརྗོད་ལོ་རྒྱུས་ཞིབ་འཇུག》སོགས་ཆེད་དེབ༨པར་སྐྲུན་བྱས། རྒྱལ་ཁབ་རིམ་པའི་ལས་གཞི༣དང་སློབ་གྲྭ་རིམ་པའི་ལས་གཞི༣བསྒྲུབས་པ་དང་ཞིང་ཆེན་རིམ་པའི་བྱ་དགའ༡༣ཐོབ། ༢༠༢༡ལོར་རིག་གཞུང་ལས་གཞི་ཆེན་མོ་སྟེ《དེང་རབས་རྒྱ་ཡིག་ཚིག་མཛོད》པར་ཐེངས་བདུན་པའི་ཐ་སྙད་བོད་འགྱུར་གྱི་ལས་ཀ་ཡོངས་འགྲུབ་བྱས་པ་དང་། ༢༠༢༥ལོར《དེང་རབས་རྒྱ་ཡིག་ཚིག་མཛོད》པར་ཐེངས་བདུན་པའི་ཚིག་མཛོད་ཆ་ཚང་བོད་འགྱུར་གྱི་ལས་ཀ་ཡོངས་འགྲུབ་བྱས། མིག་སྔར་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་སྟེ《ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ༧༥རིང་གི་རྒྱ་བོད་ལོ་ཙཱའི་ལས་དོན་འཕེལ་རྒྱས་ཞིབ་འཇུག》ཅེས་པ་མགོ་འཛིན་བྱེད་བཞིན་མཆིས།


མཉམ་སྤྱོད།