དེ་རིང་ནི2025ལོའི་ཟླ09པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“ཧི་མ་ལ་ཡའི་རི་ཁུལ་གྱི་ཤོག་སྦག་སྟོན་མོར”རྗེས་འདེད་བཏང་བ། མི་རྣམས་སེམས་ཁྲལ་བྱེད་དོན་གང་ཡིན།

2025-09-23 08:51:53   |   292

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར་བོད་རང་སྐྱོང་ལྗོངས་རྒྱལ་རྩེ་རྫོང་ར་ལུང་ཤང་དུ། ཕྱི་ལྗོངས་ཀྱི་སྤུས་རྟགས“གདོད་མའི་བྱ”ཞེས་པས་སྒྱུ་རྩལ་མཁས་ཅན་ཚའེ་གོ་ཆང་དང་མཉམ་འབྲེལ་ཐོག་ཤོག་སྦག་གི་སྟོན་མོ་བཤམས་པར་རྩོད་གཞི་བྱུང་། གནས་ཚུལ་འདིར་མི་རྣམས་ཀྱིས་བོད་ས་བབ་མཐོ་བས་ཁོར་ཡུག་གི་སྐྱེ་ཁམས་ཞན་པའི་ཁར། གཏོར་སྐྱོན་ཡང་ཕོག་ཚེ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ལ་ལྡོག་ཐབས་མེད་པའི་གནོད་འཚེ་ཐེབས་ཀྱི་རེད་སྙམ་ནས་སེམས་ཁྲལ་བྱེད་ཀྱིན་ཡོད་པ་རེད།

ཚེས21ཉིན། གཞིས་རྩེ་གྲོང་ཁྱེར་གྱིས་གནས་ཚུལ་ཁྱབ་བསྒྲགས་བྱས་པའི་བརྡ་ཐོའི་ནང་བརྟག་དཔྱད་ཚོགས་ཆུང་བཙུགས་ནས་འཕྲལ་མར་ཡུལ་དངོས་སུ་ཞིབ་བཤེར་བྱས་པ་དང་། ཕྱིས་སུ་ཞིབ་བཤེར་བྱས་འབྲས་ལ་གཞིགས་ནས་ཁྲིམས་བཞིན་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བརྗོད་པ་དང་། “གདོད་མའི་བྱ”ཡིས་ཀྱང་དེའི་སྐོར་དགོངས་དག་ཞུ་ཡིག་བཀྲམས་ནས་སྐྱོན་བརྗོད་དང་བསམ་འཆར་མཐའ་དག་དང་ལེན་བྱས་པ་དང་། “སྲིད་གཞུང་གི་ལྟ་སྐུལ་དོ་དམ་འོག་སྒྱུ་རྩལ་མཁས་ཅན་ཚོགས་པར་གཞོགས་འདེགས་བྱས་ཏེ་རྣམ་གྲངས་དེའི་བརྒྱུད་རིམ་ཧྲིལ་པོའི་ཁོར་ཡུག་སྣོད་བཅུད་ལ་བསྐྱར་ཞིབ་བྱ་རྒྱུ་དང་། ཕྱོགས་གསུམ་པའི་ཆེད་ལས་ཁོར་ཡུག་སྲུང་སྐྱོང་སྒྲིག་གཞི་གདན་འདྲེན་ཞུས་ནས་དཔྱད་དཔོག་ནན་པོ་དང་ཁ་གསལ་བྱེད་འགན་ཡོད་ལུག”ཀྱང་བརྗོད་ཡོད། ཚའེ་གོ་ཆང་ལས་དོན་ཁང་གིས་ཀྱང་སྤྱི་དམངས་ལ་དགོངས་དག་ཞུ་བའི་ཡི་གེ་བཀྲམས་ནས“བསམ་གཞིགས་བྱ་རྒྱུ་མ་འདང་བ་མང་པོ་བྱུང་འདུག”ཅེས་བརྗོད་ཡོད་པ་རེད།

“སྐྱེ་ཁམས་གཏོར་སྐྱོན་གྱི་ཉེན་ཁར”དོགས་འདྲི་བྱས་པར་དམིགས་ནས། གཙོ་གཉེར་ཕྱོགས་ཀྱིས་གསལ་བཤད་བྱས་དོན་དུ། ཤོག་སྦག་གི་ཚོན་ཕྱེ་དེ་དག་ནི་སྐྱེ་དངོས་ཞི་འགྱུར་གྱི་རྒྱུ་ཆ་ཡིན་པ་དང་། ཕྱིར་ཕུད་རིགས་ཁོར་ཡུག་སྲུང་སྐྱོང་གི་ཚད་གཞི་དང་མཐུན་པ་མ་ཟད་འབར་རྫས་ཀྱི་རིམ་པ་དམའ་ཤོས་ཡིན་པ། དེ་བཞིན་དུ་སྲུང་སྐྱོང་དང་། ལྟ་ཞིབ། སླར་གསོ་བཅས་ཀྱི་འབྲེལ་བ་ཧྲིལ་པོའི་ཇུས་གཞི་བཟོས་ཡོད་དེ། སྒོ་ཕྱུགས་གནས་སྤོ་དང་སྲོག་ཆགས་ཆུང་གྲས་གནས་ཡུལ་ནས་ཁ་བྲལ་དུ་འཇུག་པའི་འཁྲིད་སྟོན་བྱས་པ། དེ་བཞིན་ཤོག་སྦག་བརྒྱབ་རྗེས་གཙང་སེལ་སོགས་ཀྱི་བྱ་ཐབས་ཚུད་ཡོད་པ་རེད།

འོན་ཀྱང་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་མཐོ་སྒང་དུ་ལོ་རེའི་དྲོད་ཚད་ཆ་སྙོམས་ཅུང་དམའ་བ་དང་སྐྱེ་དངོས་གསོན་ཤུགས་ཅུང་ཞན་པས་སྐྱེ་དངོས་ཞི་འགྱུར་གྱི་ནུས་པར་ཤུགས་རྐྱེན་ཐེབས་བཞིན་ཡོད། གཙོ་གཉེར་ཕྱོགས་ཀྱིས“སྐྱེ་དངོས་ཞི་འགྱུར་ཐུབ་པའི་ཚོན་ཕྱེ་སྤྱད་པའི”ཁྱབ་བསྒྲགས་བྱས་ཡོད་ཀྱང་འབྲེལ་ཡོད་ཆེད་ལས་མཁས་ཅན་གྱིས་ཚོད་ལྟ་བྱས་པ་ལས་མངོན་པར་གཞིགས་ན། རྫས་འགྱུར་དངོས་པོ་དེ་རིགས་མཐོ་གྲང་ཁུལ་དུ་ཞི་འགྱུར་བྱེད་ཡུན་ཐང་སྐམ་ལས་རིང་བ་དང་། ས་ཆུ་གཉིས་ཡུན་རིང་སྦགས་བཙོག་བཟོ་ཉེན་ཡོད་ཅེས་བཤད།

བརྙན་ལམ་ནས་མངོན་པར་གཞིགས་ན། རི་རྩེར་ཤོག་སྦག་བརྒྱབ་ནས་ས་ངོས་སུ་ཁྱབ་པས་ཡུག་གཅིག་ཏུ་འབྲེལ་བའི་ས་ཁོངས་ཡོངས་མངོན་པ་དང་། ཤོག་སྦག་སྤོར་སའི་ཉེ་འཁོར་གྱི་རི་ལུང་ཤང་མ་ཡོར་གྲོང་ཚོའི་གྲོང་མི་ཉི་མ་རྡོ་རྗེས་གསར་འགོད་པར“ང་ཚོའི་མྱོང་ཚོར་ནི་ཤོག་སྦག་སྤར་བས་ཁོར་ཡུག་ལ་ཤུགས་རྐྱེན་བཟོས་པ་མ་ཟད། ཤོག་སྦག་དེ་དྲི་མ་ཆེ་བས། གྲོང་མི་ཚོས་ཉེ་འཁོར་གྱི་སྲོག་ཆགས་དང་རྩི་ཤིང་ལའང་གནོད་སྐྱོན་ཕོག་གིས་དོགས་ནས་ཚང་མས་སེམས་ཁྲལ་བྱེད་ཀྱིན་འདུག”ཅེས་ཟེར།

གསར་འགོད་པས་མཚོ་བོད་མཁོ་སྒང་གི་སྐྱེ་ཁམས་ཁོར་ཡུག་གི་ཆེད་ལས་མཁས་ཅན་མང་པོར་བཅར་འདྲི་ཞུས་པར་ཆེད་ལས་མཁས་ཅན་གྱིས་གསུང་དོན། ཤོག་སྦག་གི་སྟོན་མོ་བཤམས་ཁུལ་ས་བབ་མཐོ་ཚད་སྨི4500ནས5500བར་ཡིན་པ་དེ་མཚོ་བོད་ས་མཐོའི་མཐོ་གྲང་སྤང་ཐང་དང་བྲག་རའི་གྲམ་ཐང་བར་བརྒལ་ཁུལ་དུ་གནས་པ་དང་། ས་ཁོངས་ཀྱི་སྐྱེ་ཁམས་སྲུང་བར་ཉམས་ཞན་རང་བཞིན་མངོན་གསལ་དོད་པོ་ཡོད་པའི་ལུགས་ངོས་འཛིན་གནང་གི་འདུག

རྩི་ཤིང་རིག་པ་མཁས་ཅན་ཀུའུ་ཡིའུ་རུང་གིས། ས་གནས་དེ་གའི་ས་རྒྱུའི་གྲུབ་ཆ་བརྟན་པོ་མེད་པ་དང་། ས་ངོས་སུ་ལི་སྨི10ཙམ་གྱི་སྤང་ཡིན་པ་དང་། སྤང་རྩ་དང་སྐྱེ་ལྡན་རྫས་ལས་གྲུབ་པའི་སྤང་རྩྭས་ཁེབས་པ་དེས། ཐཱན་སྲུང་དང་། ཆུ་གསོག རླུང་འགོག་བཅས་ཀྱི་ནུས་པ་ཐོན་གྱི་ཡོད། སྤང་རྩྭའི་རིམ་པའི་འོག་ཏུ་སྐྱེ་དངོས་ཕྲ་རབ་མེད་པའི་ས་རྒྱུ་གཏིང་ཐུང་ཡིན་པས། ས་རྒྱུ་དེ་དག་ལ་གཏོར་སྐྱོན་ཕོག་ཚེ་སྤང་ཤུན་སླར་གསོ་ཡོང་བར་དུས་ཡུན་ལོ་བཅུ་ནས་བརྒྱ་བར་དགོས་པ་མ་ཟད། ཤོག་སྦག་འབར་གས་བྱུང་བའི་གཡོ་འགུལ་ལས་སྤང་རིམ་འཁྱོམས་ནས་རི་ཉིལ་ལམ་ཡང་ན་འདམ་རྡོའི་ཆུ་རུད་ཆུང་ངུའང་ཐོན་སྲིད་ཅེས་གསུངས་བྱུང་།

ཀྲུང་གོ་ནགས་ཚལ་སློབ་ཚོགས་རང་བྱུང་སློབ་གསོའི་དགེ་རྒན་དབྱང་ཤུས་ཀྱིས། ས་གནས་དེ་གའི་རྩི་ཤིང་སྐྱེ་འཚར་གྱི་དུས་འཁོར་ཧ་ཅང་རིང་བ་དང་ས་མཐོར་གྲང་ངར་ཆེ་བའི་རྩྭ་ཐང་གི་རྩི་ཤིང་ལོ་ལྟར་སྐྱེ་ཡུན་ཧ་ཅང་ཐུང་བས་ཤོག་སྦག་འབར་གས་ལས་བྱུང་བའི་རླབས་ཀྱིས་ཐད་ཀར་རྩི་ཤིང་གི་རྩ་བར་གཏོར་སྐྱོན་ཕོག་ནས་འབྲས་བུ་ཐོགས་ཐབས་བྲལ་བའི་གནོད་འཚེ་ཕོག་སྲིད་པས། ལྡོག་ཐབས་མེད་པའི་ཤུགས་རྐྱེན་འབྱུང་སྲིད་ཅེས་དང་། ཁོང་གིས། རྣམ་གྲངས་ཕྱོགས་ཀྱིས“ས་སློག་ཉམས་གསོ”ཟེར་བ་དེས་སྦགས་བཙོག་དངོས་པོ་ས་གཏིང་དུ་སྦས་ནས་སྐྱེ་ཁམས་དེ་བས་ཉམས་ཞན་དུ་འགྲོ་བའི་ཉེན་ཁ་ཡང་ཡོད་པའི་ངོས་འཛིན་གནང་གིན་འདུག

རི་ལུང་ཤང་གི་ཤོག་སྦག་གི་སྟོན་མོ་བཤམས་ཡུལ་དེ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་ཁུལ་དུ་གནས་པ་དང་། དེ་ནི་ས་མཐོའི་སྲོག་ཆགས་སྣ་ཚོགས་འཚོ་ཁུལ་དང་ཟས་འཚོལ་ཁུལ་རེད།

བོད་དུ་ས་མཐོའི་སྐྱེ་དངོས་ཞིབ་འཇུག་བྱེད་མཁན་འབྲེལ་ཡོད་ཆེད་ལས་མཁས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གསའ་ནི་མཚོ་བོད་ས་མཐོའི་གཅན་གཟན་རིམ་པ་མཐོ་ཤོས་ཡིན་པ་དང་སྒྲ་དང་འོད་ཀྱི་ཤུགས་རྐྱེན་ལ་ཚོར་སྣང་ཧ་ཅང་སྐྱེན་པོ་ཡོད། ཤོག་སྦག་གི་འཛེར་སྒྲས་གསའི་རྣ་བར་གནོད་སྐྱོན་ཕོག་སྲིད་པ་དང་དེ་ནས་ཕོག་ཐུག་བྱུང་བའི་སྣང་ཚུལ་ཐོན་སྲིད། ས་གནས་དེ་གའི་ཨ་བྲ་དང་རི་བོང་། སྲེ་མོང་སོགས་སྲོག་ཆགས་ཆུང་གྲས་ནི་གསའ་ཡི་བཟའ་ཆ་གཙོ་བོ་ཡིན་པ་དང་། རྣམ་གྲངས་ཕྱོགས་ཀྱིས་ཚྭ་སྤྱད་དེ་ཨ་བྲ་སོགས་སྲོག་ཆགས་ཡུལ་གཞན་དུ་འགྲོ་བའི་སྣེ་ཁྲིད་བྱེད་རྩིས་བྱས་མོད་ཀྱང་དེའི་ཕན་འབྲས་དངོས་དེ་ཙམ་ཆེན་པོ་མེད་པའི་ཁར།འབར་གས་བྱུང་བ་ལས་སྲོག་ཆགས་ཆུང་ངུའི་ཚང་ལ་གཏོར་སྐྱོན་བྱུང་བ་དང་གཅན་གཟན་རི་དྭགས་སྤྱིའི་ཟས་རིགས་ཀྱི་འབྲེལ་བར་གཏོར་བཤིག་ཐེབས་སྲིད་པ་རེད་ཅེས་གསུངས་ཡོད་པ་རེད།

ཚང་མས་ཤེས་གསལ་ལྟར། མཚོ་བོད་མཐོ་སྒང་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་དང་། དེའི་སྐྱེ་ཁམས་མ་ལག་ལ་ཆ་ཚང་རང་བཞིན་དང་། བརྟན་པོའི་རང་བཞིན། ཉམས་ཞན་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་པས་མིའི་རིགས་ཀྱི་བྱེད་སྒོ་གང་རུང་ཞིག་སྤེལ་བར“འགལ་རྐྱེན་ཆུང་ཤོས་”སྔོན་འགྲོའི་ཆ་རྐྱེན་དུ་བྱེད་དགོས་པ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ནང་རང་བྱུང་གི་མཛེས་ལྗོངས་དང་། རྩྭ་ཐང་སྔོ་ཁེབས། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་བཅས་གཏོར་བརླག་བཏང་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ་རེད།

བཅར་འདྲི་དང་ལེན་གནང་མཁན་ཆེད་ལས་མཁས་ཅན་དང་ས་གནས་དེ་གའི་ལས་བྱེད་མང་ཚོགས་ཀྱིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ངེས་པར་དུ་ཚད་གཞི་མཐོན་པོ་དང་། བླང་བྱ་ནན་པོ། བྱེད་ཐབས་ནན་པོ་བཅས་མཐའ་འཁྱོངས་བྱས་ཏེ་མི་སུ་འདྲ་ཞིག་གིས་ཀྱང“སྒྱུ་རྩལ་མཚོན་པའི”མིང་ཐོག་ནས་རང་བྱུང་ལ་གཏོར་སྐྱོན་གཏན་ནས་གཏོང་མི་རུང་ལ་མི་སུ་འདྲ་ཞིག་གིས་ཀྱང་སྐྱེ་ཁམས་ཀྱི་དམར་ཐིག་ལས་བརྒལ་མི་རུང་ཞེས་གསུངས་ཡོད་པ་རེད།


མཉམ་སྤྱོད།