དེ་རིང་ནི2025ལོའི་ཟླ09པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་དགེ་འོས་སློབ་ཆེན་པཎྜི་ཏ་རིག་ནུས་མཉེན་ཆས་ཀྱི་དགོས་མཁོ་མཐུན་སྦྱོར་གྲོས་ཚོགས་མཚོ་སྔོན་ཟི་ལིང་དུ་འཚོགས།

2025-09-25 10:33:47   |   123

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ9པའི་ཚེས24ཉིན་གྱི་ཕྱི་དྲོར། མཚོ་སྔོན་དགེ་འོས་སློབ་ཆེན་རྒྱལ་ཁབ་རིམ་པའི་གཙོ་གནད་ཚོད་ལྟ་ཁང་གིས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་པཎྜི་ཏ་རིག་ནུས་མཉེན་ཆས་ཀྱི་དགོས་མཁོ་མཐུན་སྦྱོར་གྱི་གྲོས་ཚོགས་བསྡུས། ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི། ལས་རིགས་ཀྱི་དཀའ་གནད་གསལ་རྟོགས་དང་། སྤྱོད་མཁན་གྱི་དགོས་མཁོ་འཚོལ་ཞིབ་བྱས་ཏེ། མི་འགྱངས་པར་ཁྱབ་བསྒྲགས་བྱེད་གྲབས་ཡོད་པའི“པཎྜི་ཏའི”པར་གཞིv2ཇེ་ལེགས་སུ་གཏོང་བ་དང་བྱ་རིམ་རིམ་སྤར་ལེགས་བསྒྱུར་བྱེད་པར་འགག་རྩའི་དཔྱད་གཞི་མཁོ་འདོན་བྱ་རྒྱུ་དེ་རེད།

1.jpg

རྒྱུས་ལོན་པ་ལྟར་ན། “པཎྜི་ཏ”ནི་མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་རང་བདག་གིས་གསར་སྐྲུན་བྱས་པའི་བོད་ཡིག་མཉེན་ཆས་མ་ལག་གི་སྤུས་རྟགས་ཤིག་ཡིན་ལ། ལོ་མང་རིང་ཚོགས་པ་འདིས་བོད་ཡིག་ཆ་འཕྲིན་ཅན་དུ་བསྒྱུར་བར་སྔོན་མེད་ཀྱི་ལག་རྩལ་གསར་གཏོད་བྱས་ལ། གྲུབ་འབྲས་ཀྱང་མི་ཉུང་བ་ཐོབ་ཡོད།

2.jpg

2024ལོར་བཏོན་པའིv1པར་གཞི་ལ་མིག་སྔའི་བར་ཐོ་འགོད་བྱས་པའི་སྤྱོད་མཁན་ཁྲི37ལ་སླེབས་ཡོད་པས་བོད་འབྲེལ་ས་ཁུལ་དུ་ཁས་ལེན་གང་ལེགས་ཐོབ་ཡོད། ཚོགས་ཐོག་ཏུ་དགེ་རྒན་ཆེན་མོ་རྡོ་ལྷ་ལགས་ཀྱིས“པཎྜི་ཏའི”པར་གཞིv2པའི་ཁྱད་ཆོས་ངོ་སྤྲོད་གནང་། པར་གཞི་འདི་ནི་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་པཎྜི་ཏ་མི་ཐབས་རིག་ནུས་ཚོགས་པས་ཞིབ་འཇུག་གསར་སྤེལ་བྱས་པའི་བོད་སྐད་ཀྱི་སྐད་རིགས་སྣ་མང་དཔེ་རྣམ་ཆེན་མོ་ལྟེ་བའི“སྒུལ་འཁོར”བྱས་ཏེ། 2024ལོར་འགྲེམ་སྤེལ་བྱས་པའི་པར་གཞི་དང་པོའི་བེད་སྤྱོད་མཉེན་ཆས་རིགས6(ཡིག་སྒྱུར་དང་མིང་མཛོད། ཡིག་ཚང་། ངོས་འཛིན། གསོ་རིག རིས་སྒྱུར།)གི་མི་འདང་ས་ཁ་གསབ་དང་ལེགས་བསྒྱུར་རིམ་སྤར་བྱས་པའི་རྨང་གཞིའི་སྟེང་། སྒྲ་སྒྱུར་དང་སྒྲ་དེབ་ཀྱི་མཉེན་ཆས་གཉིས་ཁ་སྣོན་བྱས་ཡོད་པས་སྤྱོད་མཁན་ལ་སྔར་ལས་སྟབས་བདེ་སྐྲུན་ཡོད་པ་མ་ཟད། བོད་ཡིག་གིAIབཀོལ་སྤྱོད་ཀྱི་སྟེགས་བུ་གལ་ཆེན་ཞིག་ཀྱང་འདོན་སྤྲོད་བྱས་ཡོད་པར་བཤད།

3.jpg

ཐེངས་འདིའི་གྲོས་ཚོགས་བརྒྱུད། སྤྱོད་མཁན་གྱིས་བཏོན་པའི་དགོས་མཁོ་དང་བསམ་འཆར་གཅིག་བསྡུ་བྱས་ཏེ་བེད་སྤྱོད་ཞབས་ཞུ་སྔར་བས་ཇེ་ལེགས་དང་སྤྱོད་མཁན་གྱི་ཉམས་ལེན་ཇེ་ལེགས་སུ་བཏང་རྗེས་མི་འགྱངས་པར་པར་གཞིv2དངོས་སུ་ཁྱབ་བསྒྲགས་བྱ་རྒྱུ་རེད།

4.jpg

ཆེད་ལས་མཁས་པ་དག་གིས། “པཎྜི་ཏ”ཚོགས་པའི་རྒྱུན་མཐུད་གསར་གཏོད་དེས་བོད་ཡིག་བོད་སྐད་ཆ་འཕྲིན་ཅན་གྱི་ལམ་དུ་མགྱོགས་མྱུར་ངང་བསྐྱོད་པར་སྔར་མེད་ཀྱི་སྒུལ་ཤུགས་གསར་པ་བསྣན་ལ། གྲུབ་འབྲས་འདིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། མི་རིགས་ས་ཁུལ་ཀྱི“མི་ཐབས་རིག་ནུས+”ཐོན་ལས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་ནུས་པ་མ་ཟད། རིག་ནུས་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རོགས་འདེགས་ཀྱི་ནུས་པ་གལ་ཆེན་འདོན་པར་རེ་བ་ཡོད་ཚུལ་བསྟན།

5.jpg


མཉམ་སྤྱོད།