དེ་རིང་ནི2025ལོའི་ཟླ09པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཐའེ་ཝན་དུ་རྒྱ་མཚོའི་རླུང་འཚུབ་བྱུང་ནས་མི14རྐྱེན་ལམ་དུ་ཤོར་བ་དང་མི18ལ་རྨས་སྐྱོན་ཕོག

2025-09-25 15:09:07   |   78

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཐའེ་ཝན་གནོད་འཚེ་བབ་བསྟུན་ལྟེ་གནས་ཀྱི་གནས་ཚུལ་གསར་ཤོས་གཞིར་བཟུང་། ཚེས24ཉིན་གྱི་ཆུ་ཚོད6པའི་བར་རྒྱ་མཚོའི་རླུང་འཚུབ“ཧྭ་ཅ་ཧྲ”ཡིས་ཐའེ་ཝན་གྱི་མི14རྐྱེན་ལམ་དུ་ཤོར་བ་དང་། མི་མང་པོར་འབྲེལ་བ་ཆད་ལ། མི18ལ་རྨས་སྐྱོན་ཕོག་ཅིང་། མི་བརྒྱ་ལྷག་ཙམ་དཀའ་ངལ་ལ་འཕྲད་ནས་རོགས་སྐྱོབ་ལ་སྒུག་པའི་རྣམ་པ་བཟོས།

ཐའེ་ཝན་ས་ཁུལ་གྱི་གནམ་གཤིས་སྡེ་ཁག་གིས་ཚེས21ཉིན་རྒྱ་མཚོའི་རླུང་འཚུབ“ཧྭ་ཅ་ཧྲ”མཚོ་ཐོག་དང་སྐམ་སའི་ཐོག་འཁྲུག་པའི་ཉེན་བརྡ་བཏང་བ་དང་། ཚེས22ཉིན་རླུང་འཚུབ་དྲག་པོ་ཐའེ་ཝན་གྱི་ཤར་རྒྱུད་དང་། ཧེང་ཁྲུན་ཕྱེད་གླིང་། ཕིང་ཏུང་ས་ཁུལ་བཅས་སུ་བྱུང་། ཚེས23ཉིན་གྱི་ཉིན་གུང་མ་ཐོན་བར་རླུང་འཚུབ་དྲག་པོ་ལས་ཐར་བ་དང་ཚེས23ཉིན་གྱི་དགོང་མོར་མཚོ་ཐོག་རླུང་འཚུབ་ཀྱི་ཉེན་བརྡ་མེད་པར་བཟོས། “ཧྭ་ཅ་ཧྲ”ཡི་མཐའ་སྐོར་གདུབ་རྒྱུན་གྱིས་ཐའེ་ཝན་ཤར་རྒྱུད་དང་བྱང་རྒྱུད། ལྷོ་རྒྱུད་བཅས་ཀྱི་མཚོ་རྒྱུད་ས་ཁུལ་ལ་ཤུགས་རྐྱེན་ཐེབས་ནས་ཆར་པ་ཆེན་པོ་བབས་ཡོད། གནོད་འཚེ་བབ་བསྟུན་ལྟེ་གནས་ཀྱིས་ཚེས23ཉིན་གྱི་དགོང་མོར་སྡོམ་རྩིས་བྱས་པར་གཞིགས་ན། ཐའེ་ཝན་ནས་མི7904གནས་སྤོ་བྱས་པ་དེའི་ནང་ཧྭ་ལེན་དུ་མི5349དང་། ཀོང་ཀྲོའུ་གྲོང་ཁྱེར་དུ་མི1866ཡོད་པ་དང་། ཧྭ་ལེན་དུ་གཙོ་བོ་ཀོང་ཧྥུའུ་ཞང་དང་། ཧྥེང་ལིན་གྲོང་རྡལ། ཝན་རུང་ཞང་བཅས་ཀྱི་དུད་ཚང1837དང་མི8524ལ་ཤུགས་རྐྱེན་ཕོག་ནས་གནས་སྤོར་བ་དང་གནོད་འཚེ་ལས་ཐར་ཐབས་བྱེད་དགོས་བྱུང་བ་རེད།

ཧྭ་ལན་རྫོང་མ་ཐའེ་ཨན་ཞི་འཁྱིལ་མཚོའི་རགས་ཁ་ནས་ཚེས23ཉིན་གྱི་ཕྱི་དྲོར་ཆུ་ལོག་ཤོར་ནས་མ་ཐའེ་ཨན་ཞི་ཟམ་པ་ཆུས་ཁུར་བས་ཀོང་ཧྥུའུ་ཞང་ལ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་བཟོས་པ་དང་། ཀོང་ཧྥུའུ་ཞང་དང་། ཝན་རུང་ཞང་། ཧྥེང་ལིན་གྲོང་རྡལ་བཅས་ཞང་གྲོང་གསུམ་གྱི་གྲོང་ཚོ12དང་གྲོང་མི་དུད་ཚང1800ཚེས22ཉིན་ཁ་འགྲེམས་བྱས་ནས་ཕྱིར་འཐེན་བྱས་པ་དང་། ཕིང་ཏུང་རི་ཁུལ་ནས་མི145ཕྱིར་འཐེན་བྱས་པ་དང་ལམ་དུམ་དུ་ཆུ་གསོག་པ་དང་ལམ་འགྲམ་གྱི་རྡོ་ས་ཤུད་པ་སོགས་ཀྱི་གནས་ཚུལ་རྟག་ཏུ་ཐོན་གྱི་ཡོད་པ་རེད།

གཞན་ཡང་།“ཧྭ་ཅ་ཧྲའི”རྐྱེན་པས་ཐའེ་ཝན་གྱི་དུད་ཚང14017ལ་གློག་ཆད་པ་དང་ཉམས་གསོ་བྱེད་དགོས་པའི་དུད་ཚང2015ཡོད་པའི་ནང་ཧྭ་ལན་རྫོང་དུ་གློག་ཆད་པའི་དུད་ཚང2871དང་ཉམས་གསོ་བྱེད་དགོས་པའི་དུད་ཚང1696ཡོད། ཐའེ་ཝན་དུ་ཆུ་ཆད་པའི་དུད་ཚང4378ཡོད་པ་རེད། མིག་སྔར་ཐའེ་ཝན་དུ་ཆུ་གསོག་པ་དང་ཆུས་ཁུར་བའི་ས་ཆ51ཡོད་པ་དང་། ཆུ་ཕྱིར་བཤོལ་བྱེད་དགོས་པའི་ས་ཆ46ཡོད་པ་ཚང་མ་ཧྭ་ལན་རྫོང་ཀོང་ཧྥུའུ་ཞང་དང་ཧྥེང་ལིན་གྲོང་རྡལ་དུ་ཡོད་པ་རེད། ཐའེ་ཝན་གནམ་གཤིས་སྡེ་ཁག་གིས་ཚེས24ཉིན་དྲག་ཆར་བབས་པའི་དམིགས་བསལ་གནས་ཚུལ་མུ་མཐུད་ཡོངས་བསྒྲགས་བྱས་པ་དང་། ཧྭ་ལན་རྫོང་ས་ཁུལ་དང་ཐའེ་ཏུང་རྫོང་ས་ཁུལ་དུ་ཆར་པ་ཆེན་པོ་འབབ་རྒྱུ་ཡིན་པ་དང་། ཀའོ་ཞོང་གྲོང་ཁྱེར་གྱི་རི་ཁུལ་དང་ཕིང་ཏུང་རྫོང་གི་རི་ཁུལ་དུ་ཆར་པ་ཆེན་པོ་འབབ་རྒྱུ་ཡིན་པ། དབྱི་ལན་རྫོང་གི་རི་ཁུལ་དང་། ནན་ཐུའུ་རྫོང་གི་རི་ཁུལ། ཕིང་ཏུང་རྫོང་ས་ཁུལ། ཧེང་ཁྲུན་ཕྱེད་གླིང་བཅས་སུ་ཆར་པ་ཆེན་པོ་འབབ་རྒྱུ་ཡིན་པ། ཐའེ་ནན་དང་། ཀའོ་ཞོང་། དབྱི་ལན་ས་ཁུལ། ལན་ཡུས། ལུའེ་ཏའོ་དང་ཞིན་པེ། ཐའོ་ཡོན། ཐའེ་ཀྲུང་རི་ཁུལ་བཅས་སུ་ཆར་པ་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།