དེ་རིང་ནི2025ལོའི་ཟླ12པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒན་གསོ་འགན་བཅོལ་ནང་ཞུགས་པའི་མི་གྲངས་ཁྲི460ལས་བརྒལ་ཡོད།

2025-12-23 15:01:06   |   57

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12ཚེས22ཉིན། “‘ལོ་ལྔའི་འཆར་གཞི་བཅུ་བཞི་པའི’འཕེལ་རྒྱས་གྲུབ་འབྲས”ཞེས་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཆེད་དོན་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན།“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་གཞི་ཁྱོན་རྒྱུན་མཐུད་ངང་འཕར་ཡོད་པ་རེད། རྒན་གསོའི་འགན་བཅོལ་དང་། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ་བཅས་ཀྱི་འགན་བཅོལ་ནང་ཞུགས་པའི་མི་གྲངས་ཁྱོན་སྡོམ་སོ་སོར་ཁྲི461.42དང་། ཁྲི70.82དང་། ཁྲི121.86ཟིན་ཡོད།“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་མཇུག་དང་བསྡུར་ན། འགན་བཅོལ་ཆེ་མོ་གསུམ་ནང་ཞུགས་པའི་མི་གྲངས་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་ལོ་ལྔའི་ནང་སོ་སོར་ཁྲི40.92དང་། ཁྲི24.32དང་། ཁྲི35.96འཕར་ཏེ། ཁྱབ་རྒྱ་ཆེ་ཚད་དང་འགན་ལེན་ཆུ་ཚད་མཉམ་དུ་མཐོ་རུ་ཕྱིན་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད།

“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་ལ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་སྤྱི་ཚོགས་འགན་སྲུང་ནི་མི་དམངས་འཚོ་བའི་བདེ་འཇགས་དྲ་བ་དང་། སྤྱི་ཚོགས་འཁོར་སྐྱོད་བརྟན་པོའི་ཡོ་བྱད་ཀྱི་འགན་འཁྲིའི་ངེས་གནས་སྟངས་འཛིན་ནན་པོ་བྱས་ཏེ། དམངས་ཡོངས་ལ་ཁྱབ་པ་དང་། ཡུལ་གྲོང་གཅིག་གྱུར་འཆར་འགོད། དྲང་བདེན་གཅིག་གྱུར། བདེ་འཇགས་ཚད་ལྡན། རྒྱུན་མཐུད་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་རྒྱུ་དམིགས་ཚད་དུ་བྱས་ནས་སྤྱི་ཚོགས་འགན་བཅོལ་ལམ་ལུགས་ཁག་གི་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་དེ་བས་ཡིད་ཆེས་ལྡན་པ་དང་དེ་བས་ལེགས་པའི་སྤྱི་ཚོགས་འགན་སྲུང་མཁོ་འདོན་བྱས་ཡོད།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ནས། ལས་རྣམ་གསར་པ་སོགས་སྟབས་བསྟུན་ལས་ཞུགས་མི་སྣ་འགན་བཅོལ་ནང་ཞུགས་པའི་ཁྱིམ་ཐོའི་ཚོད་འཛིན་མེད་པར་བཟོས་པ་རེད། ཕོགས་ཐོབ་ལེགས་སྒྲིག་ལམ་སྲོལ་རིམ་བཞིན་འཐུས་ཚང་དུ་བཏང་སྟེ། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་བསྟུད་མར་ལོ5རིང་མཐོ་རུ་བཏང་བ་དང་། ཡུལ་གྲོང་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་ཐེངས4མཐོ་རུ་བཏང་། མི་སྒེར་གྱི་རྒན་གསོའི་དངུལ་ལམ་ལུགས་བཙུགས་ནས་ལག་བསྟར་བྱས་ཏེ། མི་སྒེར་གྱི་རྒན་གསོའི་དངུལ་ཞུགས་མཁན་མི་གྲངས་ཁྲི95.9དང་། གྲོན་དངུལ་སྤྲད་པའི་མི་གྲངས་ཁྲི14.74བཅས་ཟིན་པ་དང་། གྲོན་དངུལ་ཁྱོན་སྡོམ་སྒོར་དུང་ཕྱུར3.84ཟིན་ཡོད། ལས་ཤོར་འགན་བཅོལ་དངུལ་གྱི་ཚད་གཞི་ལེགས་སྒྲིག་ཐེངས2བྱས་པ་དང་། རྨས་སྐྱོན་གྱི་ཕོགས་སྣོན་དང་། འཚོ་བའི་བདག་སྐྱོང་གྲོན་དངུལ། གཉེན་ཉེ་འཚོ་སྐྱོང་གི་གཟིགས་སྐྱོང་རོགས་དངུལ་བཅས་ཀྱི་ཚད་གཞི་ལེགས་སྒྲིག་ཐེངས་ལྔ་བྱས་ནས་མཐོ་རུ་བཏང་། རིམ་རྩིས་བྱས་ན་ལས་ཤོར་འགན་བཅོལ་མ་དངུལ་སྒོར་དུང་ཕྱུར4.89སྤྲད་པ་དང་། ལས་ཤོར་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1.95སྤྲད་པ།“མྱུར་སྐྱེལ་ཕོ་གསར”ཁྲི2.06ལས་རྨས་འགན་བཅོལ་ནང་ཞུགས་པ་བཅས་རེད།


མཉམ་སྤྱོད།