དེ་རིང་ནི2026ལོའི་ཟླ01པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུའི་ནང་གོ་ལ་ཧྲིལ་པོར“ཆུ་སྟོངས་པའི”དུས་རབས་འཆར་ཉེར་ཡོད་པའི་ཐ་ཚིག་བསྒྲགས་པ།

2026-01-21 16:03:27   |   159

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   ཞིན་ཧྭ་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ1པོའི་ཚེས20ཉིན་འབྱོར་བའི་གློག་འཕྲིན། ཚེས20ཉིན། མཉམ་འབྲེལ་རྒྱལ་ཚོགས་སློབ་ཆེན་གྱི་ཆུ་དང་། ཁོར་ཡུག བདེ་ཐང་ཞིབ་འཇུག་སུའོ་ཡིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ཞིག་གི་ནང་གོ་ལ་ཧྲིལ་པོར“ཆུ་སྟོངས་པའི”དུས་རབས་འཆར་ཉེར་ཡོད་ཅེས་ཐ་ཚིག་བསྒྲགས་ཡོད།

སྙན་ཞུའི་ནང་། ས་འོག་གི་ཆུ་ཉིན་བཞིན་དཀོན་པ་དང་། ཆུའི་ཐོན་ཁུངས་བགོ་བཤའ་ཐལ་དྲགས་པ། ས་རྒྱུ་ཞན་དུ་འགྲོ་བ། ནགས་ཚལ་ཚད་བརྒལ་ངང་གཅོད་པ་དང་དེ་བཞིན་སྦགས་བཙོག་ཚབས་ཆེ་རུ་འགྲོ་བ་བཅས་ཀྱི་རྒྱབ་ལྗོངས་འོག གོ་ལ་ཧྲིལ་པོ་དྲོ་རུ་འགྲོ་བའི་ཤུགས་རྐྱེན་ཐེབས་ནས་གོ་ལ་ཧྲིལ་པོར“ཆུ་སྟོངས་པའི”དུས་རབས་འཆར་ཡོད་ཅེས་འཁོད་ཡོད་པ་རེད།

སྙན་ཞུའི་ནང་མིག་སྔར་ས་ཁུལ་མང་པོ་ཞིག་ཏུ་ཆུའི་ཐོན་ཁུངས་ཀྱི“ཉམས་ཉེན་རྗེས་ཀྱི་གནས་ཚུལ”ཐོན་པ་དཔེར་ན། རང་བྱུང་ཆུའི་ཐོན་ཁུངས་ཀྱི་གྱོང་གུན་ལྡོག་ཐབས་མེད་པ་དང་ལོ་རྒྱུས་ཀྱི་གཞི་འཛིན་ས་སླར་གསོ་བྱེད་ཐབས་བྲལ་བ་དང་། མི་རྣམས་ཀྱིས་ཤེས་པའི“ཆུའི་ཐོན་ཁུངས་དཀོན་པ”དང“ཆུའི་ཉམས་ཉེན”སོགས་ཐ་སྙད་ཀྱིས་གནས་ཚུལ་དེ་མཚོན་ཐབས་བྲལ་བ་རེད། སྙན་ཞུའི་རྩོམ་པ་པོ་དང་པོ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་ཆེན་གྱི་ཆུ་དང་ཁོར་ཡུག བདེ་ཐང་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཁ་ཝུའེ·མའེ་ཏ་ཉིས་ས་ཁུལ་མང་པོ་ཞིག་གི་ཆུའི་ཐོན་ཁུངས་ཚད་ལས་བརྒལ་བ་དང་འགག་རྩའི་ཆུ་མཁོ་འདོན་མ་ལག་མང་པོ་ཞིག་བེད་སྤྱོད་བྱེད་ཐབས་མེད་པར་གྱུར་ཡོད་ཅེས་བསྟན་ཡོད། 

སྙན་ཞུའི་ནང་ཚོགས་སྤྱི་མང་པོ་ཞིག་གིས་གཙང་པོ་དང་། ས་རྒྱུ། གངས་གསོག་བཅས་ཀྱི་དུས་ཐུང་བསྐྱར་སྐྱེས་ཐུབ་པའི་ཆུའི་ཐོན་ཁུངས་ཟད་པར་བཏང་བ་མ་ཟད། ཆུ་འདུས་རིམ་པ་དང་། འཁྱགས་རོམ། འདམ་ར་སོགས་ཡུན་རིང་གི་ཆུ་ཁུངས་གསོག་འཇོག་བྱེད་ཡུལ་ཡང་ཚད་ལས་བརྒལ་ནས་ཟད་གྲོན་བྱས་པས། ས་ངོས་ཀྱི་ཆུ་དང་འདམ་རའི་རྒྱ་ཁྱོན་གཞི་ཁྱོན་ཆེན་པོས་ཆུང་དུ་འགྲོ་བཞིན་ཡོད་པ་དང་། ས་འོག་གི་ཆུ་ཁུངས་ཟད་བཞིན་ཡོད་པས། ཆུའི་སྤུས་ཚད་དམའ་རུ་ཕྱིན་ནས་བཀོལ་སྤྱོད་ཆོག་པའི་ཆུ་ཉུང་དུ་འགྲོ་བ་དང“ཆུ་སྟོངས་པའི”མྱུར་ཚད་མགྱོགས་སུ་འགྲོ་བཞིན་ཡོད་ཅེས་འཁོད་ཡོད།  

སྙན་ཞུའི་ནང་འཛམ་གླིང་རྒྱལ་ཁབ་ཁག་གིས་ཚན་རིག་དང་མཐུན་པའི་བྱེད་ཐབས་ལ་བརྟེན་ནས་དོན་དངོས་གསར་པར་ཁ་གཏད་དེ་རྒྱལ་ཁབ་ཁག་གི་སྲིད་གཞུང་ལ་དུས་ཐུང་གི་འཕྲལ་སྡོམ་བསམ་བློ་དོར་བ་དང་། བྱེད་ཐབས་སྤྱད་དེ་ཆུའི་ཐོན་ཁུངས་ཀྱི་དེ་ལས་མང་བའི་གཏོར་བཤིག་བཀག་འགོག་བྱེད་པ་དང་། ཆུ་སྤྱོད་པའི་དགོས་མཁོ་ཉུང་དུའམ་ལེགས་སྒྲིག་བྱེད་པ། ཆུ་མང་འདུས་ཅན་གྱི་ལས་རིགས་སྒྱུར་བཀོད་བྱེད་པ། ཁྲིམས་འགལ་ངང་ཆུ་ལེན་པ་དང་ཆུའི་ཐོན་ཁུངས་ལ་སྦགས་བཙོག་བཟོ་བ་སོགས་ལ་རྡུང་རྡེག་གཏོང་དགོས་པའི་འབོད་སྐུལ་བྱས་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་སློབ་ཆེན་གྱི་ཆུ་དང་། ཁོར་ཡུག བདེ་ཐང་ཞིབ་འཇུག་སུའོ་དེ་ཁ་ན་ཏའི་ཏ་ཨན་ཏ་ལུའེ་ཞིང་ཆེན་དུ་བཙུགས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་ཆེན་གྱི་སྒྲིག་གཞི13གྱི་གྲས་ཤིག་ཡིན་ལ། ཆུའི་ཐོན་ཁུངས་ཐད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཇུས་འདོན་ཚོགས་པའང་ཡིན།


མཉམ་སྤྱོད།