དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-09-26 07:27:28   |   510

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་ཕུའུ་ཨེར(普洱)མི་རིགས་མཐུན་སྒྲིལ་གྱི་དམ་བཅའ་འཇོག་པའི་རྡོ་རིང་མནའ་འབྲེལ་གྱི་མི་རབས་རྗེས་མའི་ཚབ་བྱེད་དང་འཕྲིན་ལན་བཏབ་སྟེ། སྔོན་བྱོན་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། དམ་བཅའ་འཇོག་པའི་རྡོ་རིང་གི་གཏམ་རྒྱུད་མུ་མཐུད་དུ་ཡག་པོ་འབྲི་བ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་བཟང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད》ཀྱི་དེབ་རྐྱང་པ་དེ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་དེ་ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་ཚོང་ཁང་དུ་འགྲེམ་སྤེལ་བྱ་རྒྱུ་རེད།

  • 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་བྱས་ནས་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཟླ9ཚེས25ཉིན་ཁྱབ་བསྒྲགས་བྱས་པ་རེད།

1.jpg

  • ཚེས25ཉིན། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ལྟེ་གནས་ཀྱིས་བཀོད་སྒྲིག་བྱས་པའི“མེས་རྒྱལ་ལ་སྨོན་འདུན་ཞུ་བའི”སྔོ་ཚལ་དང་ཤིང་འབྲས་ཀྱི་མེ་ཏོག་གི་སླེ་བོ་ཆེན་པོ་དངོས་སུ་འགྲེམས་སྟོན་བྱས་པ་རེད།

  • གྲངས་གཞི་གསར་ཤོས་ལས་མངོན་པར། རྒྱལ་ཡོངས་ཀྱི་དབྱར་འབྲུ་ཉོ་སྒྲུབ་བྱེད་ཚད་ཏུན་ཁྲི7000ལས་བརྒལ་བ་དང་ཉོ་སྒྲུབ་བྱེད་ཚད་ཉེ་བའི་ལོ་ཤས་རིང་ཆུ་ཚད་མཐོ་ཙམ་དུ་སླེབས་ཡོད་པ་རེད།

  • སྐྱེ་ཁམས་ཁོར་ཡུག་པུའི་གནས་ཚུལ་ལ་གཞིགས་ན། རྒྱལ་ཡོངས་སུ་ནགས་ཚལ་ཁེབས་ཚད་ན་ནིང24.02%སླེབས་ཡོད་པ་དང་། དུས་རབས་འདིའི་རིང་གོ་ལ་ཧྲིལ་པོའི་གསར་དུ་འཕར་བའི་སྔོ་ལྗང་རྒྱ་ཁྱོན་ཧ་ལམ1/4ཙམ་ཀྲུང་གོ་ནས་ཡོང་བ་རེད།

  • བཟོ་འཕྲིན་པུའི་གནས་ཚུལ་ལ་གཞིགས་ན། ཟླ8པའི་ཟླ་མཇུག་བར་རང་རྒྱལ་གྱི་སྦྲེལ་ཚུགས5Gསྡོམ་འབོར་ཁྲི404.2ཟིན་པ་དེས་སྤོ་སྒུལ་སྦྲེལ་ཚུགས་སྡོམ་འབོར་གྱི32.1%བཟུང་ཡོད།

  • ཚེས25ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མེ་ཤུགས་འཕུར་མདའི་དམག་དཔུང་གིས་ཞི་བདེ་རྒྱ་མཚོ་ཆེ་མོའི་འབྲེལ་ཡོད་སྤྱི་མཚོའི་མཚོ་ཁོངས་སུ་སྦྱོང་བརྡར་ལད་ཟློས་མདེའུ་མགོ་ལྡན་པའི་གླིང་སྐྱོད་མདེལ་ལམ་འཕུར་འདེལ་གཅིག་བདེ་བླག་ངང་འཕེན་གཏོང་བྱས་པ་དེ་སྔོན་གཏན་འཁེལ་བའི་མཚོ་ཁོངས་སུ་ལྷུང་བ་རེད།

2.png

  • ཚེས25ཉིན། ཤུགས་མདའ་ཨང་དང་པོ་རྟགས་ཅན་གྱི་རྒྱང་རིང་བཞི་པའི་ཚོང་ལས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རང་རྒྱལ་གྱི་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་འཕེན་གཏོང་བྱས་ནས་སྲུང་སྐར5སྔོན་གཏན་འཁེལ་བའི་འཁོར་ལམ་དུ་བསྐྱལ་བ་རེད།

སྤྱི་ཚོགས།

  • དེ་རིང་ནས་ཟླ10པའི་ཚེས1ཉིན་བར། མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་པའི་དབང་གིས་བྱང་ཕྱོགས་ས་ཁུལ་མང་ཆེ་བའི་དྲོད་ཚད10℃ནས12℃ལ་མར་ཆག་རྒྱུ་རེད།

  • ཚེས24ཉིན། ནོར་སྲིད་པུས་མ་དངུལ་སྒོར་དུང་ཕྱུར7.19བཏང་ནས་ཧའེ་ནན་དང་ལེའོ་ཉིང་སོགས་ས་ཁུལ་གྱི་འབྲུབ་འགོག་གེགས་སེལ་ལ་རྒྱབ་སྐྱོར་བྱས་པ་རེད།

  • ཚེས25ཉིན། ཧ་དབྱི(哈伊)མྱུར་བགྲོད་ལྕགས་ལམ་ཡུང་ཞིང་ཧུའུ་ལན་གཙང་པོའི་ཟམ་ཆེན་གྱི་རྒྱུན་མཐུད་གདུང་མ་བདེ་བླག་ངང་འབྲེལ་མཐུད་ཐུབ་པ་དང་། ལམ་ཐིག་ཧྲིལ་པོ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས་ཧའར་པིན(哈尔滨)ནས་དབྱི་ཁྲུན(伊春)བར་གྱི་འགྲུལ་སྐྱེལ་མེ་འཁོར་འཁོར་སྐྱོད་དུས་ཚོད་ད་ལྟའི་ཆུ་ཚོད7ཙམ་ནས་ཆུ་ཚོད2ཙམ་བར་འགྲོ་རྒྱུ་རེད།

  • ཚེས25ཉིན“ཀྲུང་གོའི་གནམ་མིག”ལྟེ་བའི་ཚོད་ལྟའི་དཔེ་མཚོན་འཕྲུལ་འཁོར་དངོས་སུ་སྐྲུན་མགོ་བརྩམས་པ་རེད།

  • ཉེ་ཆར། པེ་ཅིང་གྲོང་ཁྱེར་དམངས་སྲིད་ཅུ་ཡིས་ཁྲིམས་ལྟར་ཁྲིམས་འགལ་སྤྱི་ཚོགས་རྩ་འཛུགས“ཀྲུང་གོའི་དར་ཆ་གསར་གཏོད་ཞིབ་འཇུག་ལྟེ་གནས”དང་དེའི་ཡན་ལག་སྒྲིག་གཞི་མེད་པ་བཟོས་པ་རེད།

3.jpg

  • ཧོ་ནན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་ཞིབ་འཇུག་གྲུབ་འབྲས་གསར་ཤོས་ཁྱབ་བསྒྲགས་བྱས་ཏེ། ལོ་ངོ5000ལྷག་ཙམ་གོང་གི་དབྱང་ཧྲའོ(仰韶)མེས་པོ་རྣམས་ཀྱི་རྣམ་པ་སླར་གསོ་ཐེངས་དང་པོ་བྱས་ཡོད།

  • སི་ཁྲོན་མན་དབྱང་ཉེན་རྟོག་ཕྱོགས་ཀྱིས་དྲ་སྦྲེལ་སྤྱད་དེ་ནོར་བུ་རྫུན་མ་དང་རིག་གནས་རོལ་རྩེད་ཉོ་ཚོང་ལས་སྟེགས་བསྐྲུན་ནས་དྲ་རྒྱའི་བརྒྱུད་ཚོང་ཉེས་གསོག་གི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར51ཟིན་ཡོད།

微信图片_20240926073515.png

  • ཚེས25ཉིན། དམར་དམག་གི་དམག་དཔོན་དང་དམག་དོན་མཁས་ཅན་ཧོང་ཀུང་ལུའེ(黄公略)ཡི་སྔོན་གཤེགས་དཔའ་བོའི་དུར་འཇུག་མཛད་སྒོ་ཅང་ཞི་ཅི་ཨན་དུ་འཚོགས།

སྲིད་ཇུས།

  • པེ་ཅིང་གིས་ཡིག་ཆ་བཀྲམ་སྟེ། རྒྱལ་ཁབ་ཀྱི་རིམ་པ་བཞི་པ་དང་དེ་མན་གྱི་འབུད་གཏོང་ཚད་གཞིའི་ཟོག་འདྲེན་རླངས་འཁོར་རྙིང་པ་དང་འགྲུལ་སྐྱེལ་རླངས་འཁོར་ཆེ་འབྲིང་གསར་སྒྱུར་ལ་སྐུལ་འདེད་གཏོང་བར་བེད་མེད་ཟུར་འཇོག་རླངས་འཁོར་གྱི་རིགས་མི་འདྲ་བར་གཞིགས་ནས་རླངས་འཁོར་གྱི་བདག་པོར་ཁ་གསབ་སྒོར་ཁྲི3.5ནས་ཁྲི17བར་སྤྲོད་རྒྱུ་རེད།

  • ཅང་སུའུ་ཡིས་བྱེད་ཐབས་བཏོན་ནས་འབྲུ་རིགས་ཐོན་སྐྱེད་འགན་ལེན་བྱས་ཏེ་ཚད་གཞི་མཐོ་བའི་ཞིང་ས་སྒྱུར་བཀོད་རིམ་སྤོར་མུའུ་རེའི་ཆ་སྙོམས་མ་འཇོག་ཚད་གཞི་སྒོར2350བར་མཐོ་རུ་གཏོང་བ་གཏན་ལ་ཕབ།

  • ཡུན་ནན་གྱིས་གསལ་ཐོ་ཁྱབ་བསྒྲགས་བྱས་ཏེ། སྟབས་བསྟུན་ལས་ཞུགས་མི་སྣ་འགན་བཅོལ་ནང་ཞུགས་པ་དང་ཕྲུ་གུ་གསར་སྐྱེས་འགན་བཅོལ་ནང་ཞུགས་རྒྱུའི་ཐོ་འགོད་སོགས་འགུལ་ཚད་མཐོ་བའི་སྨན་བཅོས་འགན་བཅོལ་ལས་སྒོ་ཁག25ཞིང་ཆེན་ཡོངས་ནས་གཉེར་ཆོག་པ་གཏན་འཁེལ་བྱས།

དེ་རིང་གི་གནམ་གཤིས།

5.jpg

  • ཞིན་ཅང་ཐེན་ཧྲན་རི་རྒྱུད་ཀྱི་ས་ཁུལ་དང་དབྱི་ལི་ལུང་གཞུང་། བོད་ལྗོངས་ཀྱི་ལྷོ་རྒྱུད། ཅང་ཞིའི་ལྷོ་ནུབ་རྒྱུད། ཧྥུ་ཅན་གྱི་ས་ཆ་མང་ཆེ་བ། སི་ཁྲོན་གྱི་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་བྱང་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་དང་བྱང་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་དང་། དེའི་ནང་ཧྥུ་ཅན་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།