དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-04-17 09:17:58   |   291

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

4cf69a73827f45d4e69318a745c6c67.jpg

  • ཟླ4ཚེས16ཉིན་གྱི་སྔ་དྲོར། མ་ལེ་ཞི་ཡའི་སྲིད་གཙོ་ཆེས་མཐོ་ཤོས་དབྱི་པུའུ་ལ་ཤིན་གྱིས་མ་ལེ་ཞི་ཡའི་རྒྱལ་ཁབ་ཀྱི་ཕོ་བྲང་དུ་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་འཛོམས་གནང་།

e0e23c16e9ebffa55b4a0568edc5e0d.jpg

  • ཟླ4ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་དང་གྲོས་མོལ་གནང་།

  • ཚེས16ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། དུས་ཚིགས་དང་པོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོརGDPསྒོར་དུང་ཕྱུར318758ཡིན་པ་དེ་དུས་མཚུངས་ལས5.4%འཕར་ཡོད།

  • རྒྱལ་ཁབ་སྦྲག་སྲིད་ཅུའི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། དུས་ཚིགས་དང་པོར་སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར496.4ཡིན་པ་དེ་དུས་མཚུངས་ལས19%འཕར་ཡོད།

  • ཉེ་ཆར་ཚོང་དོན་པུ་སོགས་སྡེ་ཁག་དགུ་ཡིས《ཞབས་ཞུའི་འཛད་སྤྱོད་ཀྱི་སྤུས་ཚད་དང་དམངས་ཕན་བྱ་སྤྱོད་ཀྱི2025ལོའི་ལས་དོན་ཇུས་གཞི》མཉམ་འབྲེལ་ཐོག་དཔར་འགྲེམ་བྱས།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩས་འཕྲལ་དུ་རྩིས་རྒྱག་པའི་དངུལ་འབོར་སྒོར་དུང་ཕྱུར1657ཡིན་པ་རེད།

  • གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་གསུམ་པར་རང་རྒྱལ་གྱི་རིམ་པ་དང་པོའི་གྲོང་ཁྱེར་དུ་གསར་དུ་བསྐྲུན་པའི་ཚོང་སྒྱུར་སྡོད་ཁང་ཕྱིར་འཚོང་གི་རིན་གོང་ཟླ་བ་གོང་མ་ལས0.1%འཕར་ནས། འཕར་ཚད་ཟླ་བ་གོང་མ་དང་གཅིག་མཚུངས་ཡིན་པ་རེད།

ab9e53cf2008e6b6df19148f4e796c4.jpg

  • ཚེས16ཉིན། ལྷ་གྲུ་རྟགས་ཅན་ཉི་ཤུ་པའི་གྲུ་མདའ་མཉམ་སྒྲིག་གཟུགས་འཕེན་གཏོང་ཁུལ་དུ་བརྒྱུད་འདྲེན་བྱས་ནས། ཉེ་ཆར་གོ་སྐབས་དང་བསྟུན་ནས་འཕེན་གཏོང་བྱེད་རྩིས་ཡོད་པ་རེད།

  • ཚོང་དོན་པུས་ཨ་རིས་ཀྲུང་གོར་སྒོ་ཁྲལ་གྱི་ཁྲལ་ཚད་གནས་ཚུལ་ཐད་ཀྲུང་གོ་ཕྱོགས་ཀྱིས་དེའི་སྔོན་ལ་ཨ་རིའི་ཕྱོགས་རྐྱང་བས་སྒོ་ཁྲལ་འཕར་བསྡུའི་ཐད་ལངས་ཕྱོགས་གསལ་སྟོན་ཐེངས་མང་བྱས་པ་དང་། ཨ་རི་ཕྱོགས་ཀྱི་དོན་སྙིང་སྤུ་ཙམ་ཡང་མེད་པའི་སྒོ་ཁྲལ་གྱི་གྲངས་འཛིན་རོལ་རྩེད་དེ་རིགས་ལ་ཀྲུང་གོ་ཕྱོགས་ཀྱིས་ཁ་ཡ་མི་བྱེད། འོན་ཀྱང་གལ་ཏེ་ཨ་རི་ཕྱོགས་ཀྱིས་ཨུ་ཚུགས་ཀྱིས་མུ་མཐུད་དོན་དངོས་རང་བཞིན་གྱིས་ཀྲུང་གོ་ཕྱོགས་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ། ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་མཐའ་འཁྱོལ་བ་བྱ་རྒྱུ་ཡིན་ཞེས་བཤད།

  • ཕྱི་འབྲེལ་པུས་ཨ་རིས་ཀྲུང་གོར་སྒོ་ཁྲལ245%བསྡུ་བར། སྒོ་ཁྲལ་དམག་འཐབ་དང་ཚོང་དོན་དམག་འཐབ་ལ་རྒྱལ་ཁ་ཐོབ་མཁན་མེད་པས། ཀྲུང་གོ་ཕྱོགས་ལ་དམག་འཐབ་རྒྱག་འདོད་མེད་ཀྱང་རྒྱག་རྒྱུར་གཏན་ནས་མི་སྐྲག་ཅེས་ལན་བསློགས།

    སྤྱི་ཚོགས།

e5c966634f89b700c177c203a8326d4.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རླུང་ཆེན་པོའི་སྔོན་ཟོན་སྔོན་པོ་བསྒྲགས་ཏེ། སྔོན་དཔག་བྱས་ན་ཚེས16ཉིན་གྱི་ཆུ་ཚོད20ནས་ཚེས17ཉིན་གྱི་ཆུ་ཚོད20བར། ཞིན་ཅང་གི་ས་ཆ་མང་ཆེ་བ་དང་། བོད་ལྗོངས་ཀྱི་ནུབ་རྒྱུད། མཚོ་སྔོན་གྱི་ས་ཆ་མང་ཆེ་བ། ཀན་སུའུ་ཡི་རྨ་ནུབ་དང་དབུས་རྒྱུད། ཉིང་ཞ། ནང་སོག་གི་ས་ཆ་མང་ཆེ་བ། ཅི་ལིན་གྱི་ནུབ་རྒྱུད། ཧོ་པེའི་བྱང་རྒྱུད། ཧྲན་ཞིའི་ཤར་རྒྱུད་སོགས་སུ་རླུང་རིམ་པ5~6དང་། ཐོལ་རླུང7~8གཡུག་པ་དང་། ས་ཁུལ་ཁ་ཤས་སུ་ཐོལ་རླུང་རིམ་པ10~11གཡུག་རྒྱུ་རེད།

  • གྲངས་གཞི་ལས་མངོན་པ་ལྟར་ན། དུས་ཚིགས་དང་པོར་རང་རྒྱལ་གྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར124671ཡིན་པ་དེ་དུས་མཚུངས་ལས4.6%འཕར་ཡོད།

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་དང་ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས། ཧོ་ནན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ལིའུ་མན་ཚང་ལ་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

  • ཚེས16ཉིན། རང་བྱུང་ཐོན་ཁུངས་པུའི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་། ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུའི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་དང་ཅུ་ཀྲང་ཀྲུང་ཙི་རེན་གྱིས་ལྐོག་རྔན་བླངས་པ་དང་། རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཤིང་། ཀྲུང་ཙི་རེན་ལ་དུས་བཀག་བཙོན་འཇུག་ལོ་བཅུ་གསུམ་བྱ་རྒྱུ་རེད།

51853f4914ff3eef7a4fcead5af9734.jpg

  • ཚེས16ཉིན། ཀྲུང་གོའི་ལུས་རྩལ་པ་ཧུའུ་ཁའེ་ཡིས་འཛམ་གླིང་བུམ་པའི་གཏོང་འཕེན་འགྲན་སྡུར་གྱི་ཕེ་རུའི་ས་ཚིགས་སུ246.6གི་གྲུབ་འབྲས་ཐོག་ནས་སྐྱེས་པའི་སྨི10ཅན་གྱི་རླུང་མདའི་གསེར་གྱི་རྟགས་མ་བླངས།

  • ཉེ་དུས་སྲིད་གཞུང་དང་གཞུང་ཁོངས་ཁེ་ལས་ཀྱི“མ་འཇོག་རྣམ་གྲངས”རྫུན་བཟོ་བྱས་པའི་ཉེན་ཆེའིAppཁག་གཅིག་ཐེར་འདོན་བྱས།

  • ཧྲན་ཞི་ཡི“གཉེན་རྟགས་བརྒྱབ་ནས་བཙན་གཡེམ་བྱས་པའི་གྱོད་གཞིའི”འདྲི་གཅོད་གཉིས་པ་ཡོངས་བསྒྲགས་སུ་བཅད་ཁྲ་ཁྱབ་བསྒྲགས་བྱས་ཏེ། གོང་གཏུག་ཕྱིར་སློག་བྱས་ནས་ཐོག་མའི་དཔྱད་མཚམས་རྒྱུན་འཁྱོངས་བྱ་རྒྱུའི་བཀའ་བཅད་བཏང་།

958d6e3d1fc7ce2a94ca0678c05009c.jpg

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་ཡུན་ནན་ས་ཁུལ་དུ་ལྗང་མདོག་སྨར་སྲིན་ཁོངས་གཏོགས་ཀྱི་སྨར་སྲིན་རིགས་གསར་པ་བཞི་ཤེས་རྟོགས་བྱུང་བ་དང་། གྲུབ་འབྲས་དེ་ཉེ་ཆར《སྨར་སྲིན་རིག་པའི་འཕེལ་རིམ》ཐོག་སྤེལ་ཡོད།

  • ཉེ་ཆར་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་བྱིས་འི་ཁབ་ལེན་དཔྱང་གཡེང“མི་ཐབས་ཀྱི་སྙིང”དེ་ལོ7ལ་སླེབས་པའི་དུས་མཇུག་གི་སྙིང་ནུས་ཉམས་པའི་བྱིས་པ་ཞིག་གི་ལུས་ནང་དུ་བདེ་བླག་ངང་བཅུག་ཡོད། “མི་ཐབས་ཀྱི་སྙིང”གི་རམ་འདེགས་འོག་བྱིས་པའི་གློ་སྙིང་གི་ནུས་པ་བརྟན་པོའི་ངང་སླར་གསོ་བྱུང་ཡོད།

b2c76935072ecf4a014af976f47a985.jpg

  • རྒྱལ་ཁབ་བདེ་འཇགས་པུས་གྱོད་གཞི་ཞིག་ཁྱབ་བསྒྲགས་བྱས་པར་ཉ་པ་ལའོ་ཁྲེན་གྱིས་ཉ་འཛིན་ལས་ཀ་བྱེད་སྐབས་མཐོང་མ་མྱོང་བའི“གསང་མྱུལ་ཉ་འཛིན་ཆས”བཏོན་པས། ཁོ་བློ་ཐག་ཆོད་པོས་གྲུ་ཁར་ལོག་ནས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་གཞོགས་འདེགས་བྱས་ཏེ་ཉེས་གསོག་པ་གཅིག་ཀྱང་མ་ལུས་པར་བཟུང་བ་རེད།

    སྲིད་ཇུས།

  • པེ་ཅིང་གི2025ལོའི་སྐར་བསགས་གཞིས་ཆགས་རེ་ཞུའི་ལས་དོན་དེ་ཟླ4ཚེས17ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་པར་དངོས་སུ་སྤེལ་རྒྱུ་དང་། རེ་ཞུའི་དུས་བཀག་ནི་རང་བྱུང་ཉིན30ཡིན་པ་དང་གཞི་ཁྱོན་མི6000ཡིན་པ་རེད།

  • ཧྲང་ཧའེ་ཡིས་བྱེད་ཐབས་བཏོན་ནས་ལོ་གཉིས་བསྟུད་མར་ཐོན་རྫས་རིན་ཐང(གཉེར་སྐྱོང་ཡོང་འབབ)འཕར་ཚད20%ཡན་གྱི་ཆེད་ལས་སྤུས་ལེགས་དང་ཁྱད་ལྡན་གསར་བའི“མི་ཆེན་ཆུང་ཆུང”གི་ཁེ་ལས་ལ་མཐོ་ཤོས་སྒོར་ཁྲི50ཡི་རྒྱབ་སྐྱོར་བྱ་རྒྱུ་རེད།

  • ཨན་ཧུའེ་ཡིས་ཁང་པ་མེད་པའི་བོགས་གཏོང་ཚོང་ཟོག་སྡོད་ཁང་གི་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་བཅད་གྲངས་ཚད་གཞི་མཐོ་རུ་བཏང་བ་དང་། གཉེན་སྒྲིག་བྱས་ཟིན་པའི་ཁྱིམ་ཚང་གིས་ལོ་གཅིག་ལ་སྒོར36000ལེན་ཆོག་པ་དང་། ཁེར་རྐྱང་ལས་བཟོ་པས་སྒོར18000ལེན་ཐུབ་ཀྱི་ཡོད།

    དེ་རིང་གི་གནམ་གཤིས།

9f50a721f224071ebe6395a9c927119.jpg

  • ནང་སོག་གི་ཤར་བྱང་རྒྱུད་དང་། ཞིན་ཅང་གི་ཐེན་ཧྲན་ས་ཁུལ་དང་ཨ་ལེ་ཐའེ་རི་ཁུལ་བཅས་དང་དེ་བཞིན་ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ་དང་། བོད་ལྗོངས་ཀྱི་ལྷོ་རྒྱུད། མཚོ་སྔོན་གྱི་བྱང་རྒྱུད། ཀན་སུའུ་ཡི་རྨ་ནུབ་སོགས་ས་ཁུལ་ཁག་ཅིག་ཏུ་ཁངས་ཆུང་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་ཡོད། ཞིན་ཅང་གི་བྱང་རྒྱུད་དང་ཤར་རྒྱུད་དང་། ཀན་སུའུ་ཡི་རྨ་ནུབ་རྒྱུད། ནང་སོག་གི་ཤར་རྒྱུད། ཧེ་ལུང་ཅང་གི་ནུབ་རྒྱུད། ཅི་ལིན། ལིའོ་ཉིང་། ཀྲེ་ཅང་གི་དབུས་ལྷོ་རྒྱུད། ཅང་ཞིའི་དབུས་བྱང་རྒྱུད། ཧུའུ་ནན་གྱི་ས་ཆ་མང་ཆེ་བ། ཧྥུ་ཅན་གྱི་བྱང་རྒྱུད། ཀུའེ་ཀྲོའུ། སི་ཁྲོན་གྱི་ལྷོ་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་དང་བྱང་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་པ་དང་། ས་ཁུལ་ཁ་ཤས་སུ་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།