དེ་རིང་ནི2025ལོའི་ཟླ04པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-04-25 08:40:57   |   125

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཟླ4ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ། ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐུའོ་དང་གྲོས་མོལ་གནང་བ་དང་། གྲོས་མོལ་མ་བྱས་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་ལུའུ་ཐུའོ་ལ་བསུ་མ་ཞུ་བའི་མཛད་སྒོ་སྤེལ།

02.jpg

  • ཚེས24ཉིན་གྱི་དུས་ཚོད17དང་སྐར་མ17སྟེང་། ཧྲིན་ཀྲོའུ་ཨང་ཉི་ཤུ་པའི་མི་སྡོད་འཕུར་གྲུའི་རྒྱང་སྐྱོད་ཨང་གཉིས་པའིFརྒྱང་ཚོར་ཉི་ཤུ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་བྱས་པ་དང་། ཁྲེན་ཏུང་དང་། ཁྲེན་ཀྲུང་རུའེ། ཝང་ཅེ་བཅས་འཇིག་རྟེན་འཕུར་སྐྱོད་པ་གསུམ་པོ་བདེ་བླག་ངང་བར་སྣང་དུ་འཕུར།

  • ཧྲིན་ཀྲོའུ་ཨང་ཉི་ཤུ་པའི་མི་སྡོད་འཕུར་གྲུ་འཁོར་ལམ་དུ་འཕུར་རྗེས། ཚེས24ཉིན་གྱི་དུས་ཚོད23དང་སྐར་མ49སྟེང་།  བར་སྣང་ས་ཚིགས་ཀྱི་ལྟེ་བའི་གྲུ་ཚང་གི་སྣེ་མོར་བདེ་བླག་ངང་མཐུད་ཐུབ་སོང་།

  • ཚེས25ཉིན་གྱི་དུས་ཚོད1སྐར་མ17སྟེང་། ཧྲིན་ཀྲོའུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་པ་ཚན་སྐོར་གྱིས་བདེ་བླག་ངང་སྒོ་ཕྱེ་ནས། ཧྲིན་ཀྲོའུ་ཨང་ཉི་ཤུ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚན་སྐོར་ཀྲུང་གོའི་བར་སྣང་ས་ཚིགས་སུ་བཅའ་སྡོད་བྱེད་པར་དགའ་བསུ་ཞུས། དེ་ནི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ལོ་རྒྱུས་ཐོག་གི་བར་སྣང་གི་མཉམ་འཛོམས་ཐེངས་དྲུག་པ་རེད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཚོང་དོན་པུ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་དང་མཉམ་དུ《ཁྲོམ་རའི་འཇུག་འཐུས་བཀག་རྒྱའི་གསལ་ཐོའི(2025ལོའི་པར་གཞི)》ཁྱབ་བསྒྲགས་བྱས་པ་དང་། གསལ་ཐོའི་དོན་ཚན་གྱི་གྲངས་འབོར་2022ལོའི་པར་གཞིའི་རྣམ་གྲངས117ནས106བར་ཉུང་དུ་བཏང་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོར། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར173.9ཡིན་པ་དང་། དུས་མཚུངས་ལས4%འཕར་ཡོད།

  • ཚེས24ཉིན་ནོར་སྲིད་པུས2025ལོའི་ཡུན་རིང་གི་དམིགས་བསལ་རྒྱལ་བུན་ཐོག་མར་འགྲེམས་སྤེལ་བྱས་པ་དང་། དེའི་ནང་། ལོ20རིང་གི་སྒོར་དུང་ཕྱུར500དང་། ལོ30རིང་གི་སྒོར་དུང་ཕྱུར710འགྲེམས་སྤེལ་བྱས་ཡོད།

  • ཚོང་དོན་པུའི་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོར། རང་རྒྱལ་གྱི་ལས་རིགས་ཡོངས་ཀྱིས་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར409ཡིན་པ་དང་། དུས་མཚུངས་ལས6.2%འཕར་ཡོད།

  • ཉེ་ཆར། ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་འགལ་བའི་དཔེ་མཚོན་གནད་དོན10ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་།

  • རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་རང་རྒྱལ་གྱིས་གསར་གཏོད་ཀྱི་ཁེ་བེད་ཁྲི104.5ལ་དབང་ཆ་སྤྲད་ཡོད།

  • ཚེས23ཉིན། ཨ་རིའི་ཁུལ(州)12ལས་གྲུབ་པའི་མནའ་འབྲེལ་གྱིས་ཁྲོམ་ཕུ་སྲིད་གཞུང་ལ་ཐུན་མོང་ཐོག་ཞུ་གཏུག་བྱས་པ་དང་། ཁོ་ཚོས་ཁོའི་སྒོ་ཁྲལ་སྲིད་ཇུས་ཁྲིམས་འགལ་ཡིན་པར་ཞུ་གཏུག་བྱས་པ་རེད།

  • ཚེས24ཉིན། ཁོ་རེ་ཡའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁོ་རེ་ཡའི་ཙུང་ཐུང་ཟུར་པ་ཝུན་ཙའེ་དབྱིན་གྱིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་ཐོག་ནས་ཞིབ་དཔྱོད་ཕྱོགས་ཀྱིས་གཏུག་བཤེར་བྱས་པ་རེད།

སྤྱི་ཚོགས།

  • ད་ལོའི“ལྔ་གཅིག”ངལ་གསོའི་རིང་། རྐུབ་སྟེགས་བདུན་མན་གྱི(རྐུབ་སྟེགས་བདུན་ཚུད)འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་མྱུར་བགྲོད་གཞུང་ལམ་དུ་འགྲོ་སྐབས་མུ་མཐུད་དུ་ཤར་བགྲོད་གྲོན་དངུལ་མི་བསྡུ་བ་དང་། རིན་མེད་ངང་འགྲོ་སྐྱོད་བྱེད་པའི་དུས་ཚོད་ནི་ཟླ5ཚེས1ཉིན་གྱི་ཆུ་ཚོད0ནས་ཟླ5ཚེས5ཉིན་གྱི་ཆུ་ཚོད24བར་ཡིན་པ་རེད།

  • 2024ལོའི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུ་ཡོངས་བསྒྲགས་བྱས་པ་དང་། སི་ཁྲོན་ཙི་དབྱང་མིང་ཤིས་གཙང་པོའི་གནའ་ཤུལ་ཚོགས་སོགས་རྣམ་གྲངས་བཅུ་དེའི་ནང་དུ་བདམས།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་རང་རྒྱལ་གྱིས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་10གསར་སྐྲུན་དང་ཡང་ན་ལེགས་སྒྱུར་བྱ་རྩིས་ཡོད།

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོ་ནས་བཟུང་། རང་རྒྱལ་གྱིས་རིམ་རྩིས་བྱས་ན་གྲོང་གསེབ་ཀྱི་མི་འབོར་དུང་ཕྱུར2.2ཀྱི་ཆུ་མཁོ་འདོན་འགན་ལེན་ཆུ་ཚད་མཐོ་རུ་བཏང་ཡོད་པ་རེད།

  • རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུ་ཡིས་ཕྱི་ཕྱོགས་སུ་ཁྲང་ཨི་ཨང་རྟགས་ལྔ་པའི་ལས་འགན་གྱི་ཟླ་བའི་གོ་ལའི་དཔེ་མཚོན་རྒྱལ་སྤྱིའི་གཡར་སྤྱོད་རེ་ཞུའི་འབྲས་བུ་ཁྱབ་བསྒྲགས་བྱས་ནས། རྒྱལ་ཁབ6གི་སྒྲིག་གཞི7གྱི་རེ་ཞུར་མོས་མཐུན་བྱས་པ་རེད།

03.jpg

  • ཚེས24ཉིན། ཀྲུང་ཧྥའི་གནམ་དཔྱད་སྲུང་སྐར་གྱིས་ཚན་རིག་གི་གྲུབ་འབྲས་ཁག་དང་པོ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། སྲུང་སྐར་གྱིས་ལོ་ངོ་དུང་ཕྱུར130སྔོན་གྱི་ཀ་མའི་གཏུམ་སྤྱོད་བརྡ་རྟགས(伽马暴信号)་བཟུང་བ་དེས་འཇིག་རྟེན་འབྱུང་ཁུངས་དང་རིམ་འགྱུར་གྱི་གསང་བ་དེ་བས་མང་བོ་འཚོལ་ཞིབ་བྱ་རྒྱུར་རམ་འདེགས་བྱ་རྒྱུ་རེད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར། རང་རྒྱལ་གྱིས་རིམ་རྩིས་བྱས་ན་བཟའ་བཅའི་བདེ་འཇགས་ཀྱི་རྒྱལ་ཁབ་ཚད་གཞི་ཁག་1660ཁྱབ་བསྒྲགས་བྱས་ཡོད།

  • རྒྱལ་ཡོངས་ཀྱི་རྒྱལ་དམངས་དཔེ་ཀློག་བརྟག་དཔྱད་ཐེངས་ཉེར་གཉིས་པའི་འབྲས་བུ་ཁྱབ་བསྒྲགས་བྱས་པ་དང་། 2024ལོར་རང་རྒྱལ་གྱི་དར་མའི་རྒྱལ་དམངས་ཕྱོགས་བསྡུས་དཔེ་ཀློག་བྱེད་ཚད82.1%ཡིན།

  • ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱིས་2025ལོའི་སུའུ་ཀྲོའུ་མ་ལ་སུང་འགྲན་བསྡུར་ནང་ཞུགས་མཁན་ཁག་གཅིག་གི་ཡ་རབས་མིན་པའི་བྱེད་སྤྱོད་ཐག་གཅོད་བྱས་ཚུལ་བརྡ་ཁྱབ་བཏང་བ་སྟེ། དོན་རྐྱེན་དང་འབྲེལ་བའི་འགྲན་བསྡུར་ནང་ཞུགས་མཁན་ལ་ལོ་གསུམ་ནང་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱི་ལམ་གང་རུང་གི་འགྲན་བསྡུར་ནང་ཞུགས་མི་ཆོག་པའི་ཆད་པ་གཅོད་རྒྱུ་རེད།

04.jpg

  • ཉེ་ཆར། མཚོ་སྔོན་ཟི་ལིང་གི་སྐྱེས་པ་ཞིག་སྲང་ལམ་དུ་གློ་བུར་དུ་མགོ་ཡོམ་འཁོར་ནས་ཐང་ལ་འགྱེད་ཡོད་པའི་སྐབས་སུ། ལོ་19ལ་སླེབས་པའི་མངགས་ཟས་རྒྱུག་མཁན་མོང་ཡུས་པོ་ཡིས་མྱུར་སྐྱོབ་བྱས་རྗེས་སྐྱེས་པའི་འདུ་ཤེས་སླར་གསོ་བྱེད་ཐུབ།

སྲིད་ཇུས།

  • ཧྲང་ཧའེ་ཡིས་བརྡ་ཐོ་བཏང་ནས་ད་ལོའི་ཟླ1ཚེས1ཉིན་ནས་ཟླ12ཚེས31ཉིན་བར། མི་སྒེར་གྱི་འཛད་སྤྱོད་པས་སྒོར་ཁྲི་10ཡན(ཚུད་པ)ཟིན་པའི་ནུས་རྒྱུ་གསར་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་རླངས་འཁོར་གསར་པ་ཉོས་པ་མ་ཟད། གཏན་འབེབས་ཀྱི་དུས་བཀག་ནང་རང་ཉིད་ཀྱི་མིང་ཐོག་ནས་ཞིང་ཆེན་དང་གྲོང་ཁྱེར་གཞན་དུ་ཐོ་འགོད་བྱས་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་གཞན་ལ་སྐོར་ན། ཐེངས་གཅིག་ཅན་གྱི་གཏན་ཁེལ་ཁ་གསབ་སྒོར་ཁྲི1.5སྟེར་རྒྱུ་རེད།

  • ལེའོ་ཉིང་གིས་ཡིག་ཆ་བཀྲམ་ནས་ཚོང་རྟགས་རྙིང་ཁུངས་མིང་ཅན་འཕེལ་རྒྱས་དང་འཛད་སྤྱོད་འཕར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། 2025ལོར“ཀྲུང་ཧྭའི་ཚོང་རྟགས་རྙིང་པ་མིང་ཅན”དང“ལེའོ་ཉིང་གི་ཚོང་རྟགས་རྙིང་པ་མིང་ཅན”གསར་དུ་ཐོབ་པའི་ཁེ་ལས་ལ་སྒོར་ཁྲི50དང་སྒོར་ཁྲི30སྤྲོད་ཐེངས་གཅིག་གི་བྱ་དགའ་སྤྲོད་རྒྱུ་རེད།

  • སི་ཁྲོན་གྱིས་བརྡ་ཐོ་བཏང་ནས2025ལོ་ནས་བཟུང་། ས་གནས་ཁག་གི་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་དེ་རྩ་དོན་ཐོག་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞིའི75%ལས་མི་དམའ་བ་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

05.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ཞིན་ཅང་གི་ཐེན་ཧྲན་རྒྱུད་ཀྱི་ས་ཁུལ་དང་། ཞིན་ཅང་ནན་ཅང་གི་ལྷོ་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད་དང་ཤར་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་ཁངས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། ས་ཁུལ་ལ་ལར་ཁངས་ཆེན་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཀོང་ཞིའི་ལྷོ་རྒྱུད། ཀོང་ཏུང་གི་ས་ཆ་མང་ཆེ་བ། ཅང་ནན་གྱི་ལྷོ་ནུབ་རྒྱུད། ཧྥུ་ཅན་གྱི་ལྷོ་རྒྱུད་དང་ཤར་རྒྱུད། ཀྲེ་ཅང་གི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་པ་དང་། དེའི་ནང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཀོང་ཞིའི་ལྷོ་ནུབ་རྒྱུད། ཀོང་ཏུང་གི་དབུས་རྒྱུད། ཧྥུ་ཅན་གྱི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།