དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-05-20 09:00:38   |   323

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཚེས19ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་དུ་སྔ་རྗེས་སུ་ལུའོ་དབྱང་འཁོར་རྟེན་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་སི་དང་། པའེ་མ་དགོན་པ། ལུང་མོན་བྲག་ཕུག་བཅས་ལ་རྟོག་ཞིབ་གནང་སྟེ། ས་གནས་དེ་གའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བེད་སྤྱོད་ལ་ཤུགས་རྒྱག་པ། རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གནང་།

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་བཟོ་འགོད་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། ཚན་རིག་གི་ཇུས་གཅོད་དང་། དམངས་གཙོའི་ཇུས་གཅོད། ཁྲིམས་ལྟར་ཇུས་གཅོད་བཅས་རྒྱུན་འཁྱོངས་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་བཟོ་འགོད་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་པར་སྒྲུབ་དགོས་ཞེས་ནན་གསུང་གནང་།

  • རྒྱལ་ཁབ་བསྡོམས་རྩིས་ཅུ་ཡིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ4པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས6.1%འཕར་བ་དང་ཟླ་བ་གོང་མའི་སྡུར་ཚད་ལས0.22%འཕར་ཡོད།

  • བཟོ་འཕྲིན་པུ་དང་རྒྱལ་ཁབ་འཕེལ་བཅོས་ཨུ་ལྷན་སོགས་སྡེ་ཁག་དགུས《ཚན་རྩལ་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》མཉམ་འབྲེལ་ཐོག་དཔར་འགྲེམ་བྱས།

  • 《ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་མཉམ་དུ་འགན་སྲུང་བྱེད་པའི་ལས་ཀའི་མཛུབ་ཁྲིད》ཉེ་ཆར་ཁྱབ་བསྒྲགས་བྱས་ཤིང་། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཕྱོགས་ནས་སྡེ་ཁག་མང་པོའི་མཉམ་ལས་ལམ་སྲོལ་དང་ཞིབ་ཕྲའི་འགན་འཁྲི་ཁ་གསལ་བཟོས་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུ་ཡིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོར་རང་རྒྱལ་གྱིས་གྲོང་གསེབ་གཞུང་ལམ་སྤྱི་ལེ་ཁྲི10གསར་སྐྲུན་བཅོས་སྐྲུན་བྱེད་རྩིས་ཡོད་པ་དང་། རིམ་པ་གསུམ་པ་དང་དེའི་ཡན་གྱི་གཞུང་ལམ་ཡུལ་ཚོ་དང་གྲོང་རྡལ250རུ་གསར་དུ་སྐྲུན་རྩིས་ཡོད་པ་རེད།

  • ཟླ་དཔྱད་ལས་གྲྭའི་ཞི་ཆའོ་ཨང་གཉིས་པའི་བར་མཐུད་སྐར་མ་དེ་འཁོར་ལམ་དུ་ཟླ14རིང་བརྟན་པོའི་ངང་འཁོར་སྐྱོད་བྱས་པ་དང་། ཁུར་དུ་ཁྱེར་བའི་ལྗིད་ཐེག་གསུམ་གྱིས་སྔ་རྗེས་སུ་ཚན་རིག་གི་འཚོལ་ཞིབ་བྱས་ནས་དུས་རིམ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།

2.jpg

  • ཚེས19ཉིན། རང་རྒྱལ་གྱིས་ཧྲན་ཏུང་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཀུའུ་ཧྲེན་སྐར་མ་ཨང་དང་པོའི་རྒྱ་མཚོའི་འཕེན་གཏོང་རྣམ་པའི་རྒྱང་དཔྱད་ལྔ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བདེ་བླག་ངང་འཕེན་གཏོང་བྱས་པ་དང་། ཞོར་དྲུད་འཕེན་གཏོང་བྱས་པའི་ཐེན་ཆི་སྐར་ཚོམ་ཚོ་སྐོར05བདེ་བླག་ངང་སྔོན་བཀོད་འཁོར་ལམ་དུ་བསྐྱོད་པས་འཕུར་སྐྱོད་ཚོད་ལྟའི་ལས་འགན་ལེགས་གྲུབ་བྱུང་བ་རེད།

  • ཚེས19ཉིན་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས78པའི་ཐོག རྒྱལ་ཁབ་ཁ་ཤས་ཀྱིས་བཏོན་པའི“ཐའེ་ཝན་གདན་དྲངས་ཏེ་ལྟ་ཞིབ་པའི་ཐོབ་ཐང་ཐོག་ནས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནང་ཞུགས་རྒྱུ”ཞེས་པའི་གྲོས་གཞི་དེ་ཚོགས་ཆེན་གྱི་གྲོས་རིམ་ནང་འཇུག་རྒྱུ་དང་ལེན་མི་བྱེད་པའི་གཏན་འབེབས་བྱས་པ་རེད། དེ་ནི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱིས་བསྟུད་མར་ལོ་དགུ་པར་ཐའེ་ཝན་དང་འབྲེལ་བའི་གྲོས་གཞི་དང་ལེན་མ་བྱས་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཚེས19ཉིན། ཨ་རིའི་ཙུང་ཐུང་ཐེ་ལང་ཕུའུ་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ཁ་པར་ལམ་ནས་གྲོས་མོལ་བྱས་པ་རེད།

སྤྱི་ཚོགས།

3.jpg

  • ཀྲུང་དབྱང་གནམ་དཔྱད་ལས་ཁུངས་ཀྱིས་དྲོད་ཚད་མཐོ་བའི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་ཤིང་། དེ་རིང་དང་སང་ཉིན་ཉིན་གཉིས་རིང་ཧོང་ཧོའེ་དབུས་ནུབ་རྒྱུད་དང་། ཧོ་པེའི་ལྷོ་རྒྱུད། ཀོན་ཀྲུང་གཤོང་ས་སོགས་ས་ཁུལ་ཁག་ཅིག་ཏུ་དྲོད་ཚད་མཐོ་བའི་གནམ་གཤིས་འབྱུང་རྒྱུ་རེད།

  • དེ་རིང་ཆུ་ཚོད0ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་སིལ་ཚོང་རིན་གོང་ཏུན་རེར་སོ་སོར་སྒོར230དང220དམའ་རུ་ཆག་རྒྱུ་རེད།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་དང་ཀྲུང་གོའི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་འཛད་སྤྱོད་ཀྱི་གསལ་སྟོན་སྤེལ་ཏེ། འཛད་སྤྱོད་པས་ཚད་ལྡན་གྱི་རྒྱུ་ལམ་བརྒྱུད་ནས་སིལ་ཏོག་དང་སྔོ་ཚལ་ཐོན་རྫས་འདེམ་ཉོ་བྱེད་པ་དང་། བཤེར་འཇལ་སྙན་ཞུའི་སྟེང་གི་ཞིང་སྨན་ལྷག་རོ་དང་སྐྱེ་དངོས་ཕྲ་རབ་ཀྱི་སྦགས་བཙོག་སོགས་ལྟེ་བའི་བཤེར་འཇལ་དམིགས་ཚད་ལ་དོ་སྣང་བྱེད་དགོས་པའི་གསལ་འདེབས་བྱས།

  • སྒོ་ཁྲལ་ལས་ཁུངས་ཀྱི་བསྡོམས་རྩིས་ལྟར་ན། ད་ལོའི་སྔོན་གྱི་ཟླ་བཞིའི་ནང་པེ་ཅིན་ཐེན་ཅིན་ཧོ་པེ་ས་ཁོངས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི1.43ཟིན་པ་དེས་དུས་མཚུངས་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་གྱི10.1%བཟུང་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར4454.6བྱས་པ་དེས་ལོ་རྒྱུས་ཀྱི་དུས་མཚུངས་ཟིན་ཐོ་མཐོ་ཤོས་བཏོད་ཡོད།

  • ཧུའུ་པེ་ཞིང་ཆེན་ཞོད་ཐན་སྔོན་འགོག་བཀོད་འདོམས་པུའི་གཞུང་ལས་ཁང་གིས་ཚེས19ཉིན་གྱི་ཆུ་ཚོད12པར་ཐན་འགོག་རིམ་པ་བཞི་པའི་འཕྲལ་བསྟུན་བབ་བསྟུན་གྱི་མགོ་འཛུགས་རྒྱུའི་གཏན་འབེབས་བྱས།

  • ཚེས19ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཟུར་པ་དང་། ཧྲའན་ཞི་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་ཞི་ཟུར་པ་ཧན་ཡུང་གི་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོས་ཡོངས་བསྒྲགས་སྒོས་ཉེས་ཆད་བསྒྲགས་ཤིང་། ཧན་ཡུང་གི་ལྐོག་རྔན་བླངས་པའི་ནག་ཉེས་ལ་སྲོག་ཁྲིམས་གཅོད་རྒྱུ་དང་ལོ་གཉིས་ཕྱིར་འགྱངས་བྱས་ཏེ་ལག་བསྟར་བྱ་རྒྱུ་རེད།

  • ཚེས19ཉིན་ཧྭ་ཝེ་ཡིས་ཧུང་མེང་གློག་ཀླད་གསར་རྐྱང་དངོས་སུ་འགྲེམས་བསྒྲགས་བྱས།

  • ཀྲུང་གོའི་སྲུང་སྐར་ཕྱོགས་སྟོན་ངེས་གནས་མཐུན་ཚོགས་ནས་གནས་ཚུལ་སྤེལ་བ་ལྟར་ན། 2024ལོར་རང་རྒྱལ་གྱི་བྱང་སྐར་ལྟེ་བར་བྱས་པའི་སྲུང་སྐར་ཕྱོགས་སྟོན་དང་གནས་ཡུལ་ཞབས་ཞུའི་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར5758ཟིན་ནས་དུས་མཚུངས་ལས7.39%འཕར་ཡོད།

  • ཡུལ་སྐོར་པ་ཀྲང་ཆེ་གེ་མོ་དང་སུན་ཆེ་གེ་མོ་ཡིས་པ་ཏ་ལིན་ལྕགས་རི་རིང་པོར་བརྐོས་འབྲད་བྱས་པར་སྲིད་འཛིན་བཀག་ཉར་ཉིན5དང་དངུལ་ཆད་སྒོར200བཅད།

4.jpg

  • ཚེས19ཉིན། ཕན་ཀྲན་ལེ་ཡིས2025ལོའི་རྒྱལ་ཡོངས་ཆུ་རྐྱལ་ཨང་དང་པོའི་འགྲན་སྡུར་གྱི་སྐྱེས་པའི་སྨི200ཡི་རང་མོས་ཆུ་རྐྱལ་རྟིང་རྩོད་འགྲན་སྡུར་ནང་ཨང་དང་པོ་བླངས།

སྲིད་ཇུས།

  • ཧྲང་ཧའེ་ཡིས་ཐད་གཏོད་དཔལ་འབྱོར་ནུས་རྩལ་འཇོན་མིའི་གསོ་སྐྱོང་ལས་དོན་གྱི་ཇུས་གཞི་སྤེལ་ཏེ། 2025ནས2027ལོར་གྲོང་ཁྱེར་ཡོངས་ཀྱི་ལག་ཁྱེར་ལྡན་པའི་ཐད་གཏོང་ནུས་རྩལ་འཇོན་མི་ཁྲི5གསར་དུ་གསོ་སྐྱོང་བྱ་རྒྱུ་ཡིན་པ་དང་། དེའི་ནང་འབྲིང་རིམ་མཐོ་རིམ་དང་དེ་བཞིན་དེའི་ཡན་གྱི་རིམ་པ་ཁྲི4ཚུད་ཡོད།

  • ཐེན་ཅིན་གྱིས་འགུལ་སྐྱོད་ཇུས་གཞི་དཔར་འགྲེམ་བྱས་ཏེ། ལས་རིགས་སློབ་གྲྭ་དང་མིས་བཟོས་རིག་ནུས་ཁེ་ལས་གཉིས་ཀྱིས་དངོས་སྦྱོང་རྟེན་གཞི་མཉམ་དུ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཤིང་མིས་བཟོས་རིག་ནུས་ཉེར་སྤྱོད་རྩལ་ནུས་གསོ་སྦྱོང་རྒྱ་ཁྱབ་ཏུ་སྤེལ་བ་རེད།

  • སི་ཁྲོན་གྱིས་བྱེད་ཐབས་བཏོན་ནས་ཆ་རྐྱེན་དང་མཐུན་པའི་གསར་གཏོད་སྨན་རྫས་ལ་དུས་ཐོག་སྙན་ཞུ་དང་རང་བདག་རིན་གོང་གཏན་འབེབས། ཐད་ཀར་དྲ་ཐོག་ཏུ་སྦྲེལ་བ་བཅས་བྱས་ཏེ་ལས་ཀའི་ཉིན15ནང་ཞིབ་བཤེར་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།

དེ་རིང་གི་གནམ་གཤིས།

5.jpg

  • ཞིན་ཅང་གི་ཐེན་ཧྲན་རྒྱུད་ཀྱི་ས་ཁུལ་དང་། བོད་ལྗོངས་ཀྱི་ཤར་ལྷོ་རྒྱུད། ཅང་ཧོའེ་ཡི་ནུབ་རྒྱུད། ཅང་ནན་གྱི་དབུས་བྱང་རྒྱུད་དང་ལྷོ་རྒྱུད། ཧྭ་ལྷོའི་དབུས་བྱང་རྒྱུད་དང་ལྷོ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོ་རྒྱུད་སོགས་ས་ཁུལ་ཁག་ཅིག་ལ་ཆར་པ་འབྲིང་ཙམ་ནས་ཆེན་པོ་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཅང་ཞིའི་ཤར་བྱང་རྒྱུད་དང་། ཧྥུ་ཅན་གྱི་ནུབ་བྱང་རྒྱུད། ཀུའེ་ཀྲོའུ་ཡི་བྱང་རྒྱུད། ཀོང་ཞིའི་བྱང་རྒྱུད། ཀོང་ཏུང་གི་ནུབ་རྒྱུད་དང་བྱང་རྒྱུད་སོགས་ས་ཁུལ་ཁག་ཅིག་ལ་དྲག་ཆར་རམ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།