དེ་རིང་ནི2025ལོའི་ཟླ11པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-11-17 09:20:24   |   44

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གསུང་རྩོམ་བདམས་བཀོད》དེབ་དང་པོ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

1.jpg

  • ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར39.5སྐྱེལ་འདྲེན་བྱས་ཤིང་། དུས་མཚུངས་ལས6.4%འཕར་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་ཡོད་པ་རེད།

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། འབྲི་ཆུའི་འགག་གསུམ་གྱི་རྗེས་མཐུད་ལས་དོན་འཆར་འགོད་ལ་མ་དངུལ་སྒོར་དུང་ཕྱུར1238བཀོད་སྒྲིག་བྱས་ཚར་ནས་རྣམ་གྲངས7561ལག་བསྟར་བྱས་ཤིང་། སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་ཏུ་འཆར་འགོད་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་རེད།

  • རང་རྒྱལ་གྱིས་སྣེ་ཁྲིད་པའི་གྲངས་གཞིའི་འཕྲིན་གཏོང་དྲ་རྒྱའི་རྒྱལ་སྤྱིའི་ཚད་གཞིའི་གྲོས་གཞིའི་རྣམ་གྲངས་མང་པོ་འཆར་གཞི་ལྟར་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད།

  • ཚེས16ཉིན། རིག་གནས་དང་གནས་སྐོར་པུས་ཀྲུང་གོའི་གནས་སྐོར་བ་ཉེ་དུས་འཇར་པན་དུ་གནས་སྐོར་ལ་མི་འགྲོ་བའི་དྲན་སྐུལ་ནན་མོ་བཏང་།

2.jpg

  • ཚེས16ཉིན། རང་རྒྱལ་གྱི076སྐམ་གཤེར་སྐྱེལ་འདྲེན་གྲུ་གཟིངས་དང་པོའི་སི་ཁྲོན་དམག་གྲུས་དུས་ཡུན་ཉིན་གསུམ་གྱི་མཚོ་འགྲུལ་ཚོད་ལྟའི་ལས་འགན་ཐོག་མ་ལེགས་གྲུབ་བྱུང་ནས་གྲུ་གཟིངས་བཟོ་གྲྭའི་གྲུ་ཁར་བདེ་བླག་ངང་ཕྱིར་ལོག་བྱས་པ་རེད།

  • ཚེས16ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གི་དམག་གྲུའི་རུ་དཔུང1307རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་སྐོར་གཡེང་བྱས་པ་རེད། འདི་ནི་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཁྲིམས་ལྟར་སྤེལ་བའི་ཁེ་དབང་སྲུང་སྐྱོང་གི་སྐོར་གཡེང་བྱེད་སྒོ་ཞིག་རེད།

  • ཚེས14ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལྷོ་རྒྱུད་འཐབ་ཁུལ་དུ་འགད་གཏོར་གནམ་གྲུ་རུ་དཔུང་སྒྲིག་འཛུགས་བྱས་ནས་ལྷོ་རྒྱ་མཚོར་འཆར་གཞི་ཅན་གྱི་སྐོར་ཞིབ་བྱས་པ་རེད།

སྤྱི་ཚོགས།

  • གྲང་རླབས་ཀྱི་ཤུགས་རྐྱེན་ཐེབས་ནས་སྔོན་དཔག་བྱས་ན་ཚེས16ཉིན་གྱི་དགོང་མོ་ནས་ཚེས18ཉིན་བར་རང་རྒྱལ་གྱི་དབུས་ཤར་རྒྱུད་ས་ཁུལ་དུ་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་རིམ་བཞིན་རླུང་ཆེན་དང་དྲོད་ཚད་ཇཆ་དམའ་འགྲོ་བའི་གནམ་གཤིས་བྱུང་རྒྱུ་དང་། ཉིན་རེའི་ཆ་སྙོམས་དྲོད་ཚད་དམ་ཡང་ན་དྲོད་ཚད་ཆེས་དམའ་ཤོས་ཡོངས་ཁྱབ་དུ6~10℃བར་མར་ཆག་རྒྱུ་རེད།

  • ཚེས16ཉིན། ཧྥན་ཀྲེན་ཏུང་དང་ཝང་མན་ཡུས་གཉིས་ཀྱིས་སྐབས་བཅོ་ལྔ་པའི་ལུས་རྩལ་འགྲན་ཚོགས་ཀྱི་ཕིང་ཕང་སྤོ་ལོའི་སྐྱེས་པའི་རྐྱང་རྒྱག་དང་བུད་མེད་རྐྱང་རྒྱག་གི་ཨང་དང་པོ་བླངས་པ་རེད།

  • ཉེ་དུས་དྲ་རྒྱའི་རྩིས་ཐོའི་ཨང་གྲངས་ཀྱིསAIལག་རྩལ་སྤྱད་དེ་གྲགས་ཅན་མི་སྣའི་གཟུགས་བརྙན་ལ་ལད་ཟློས་བྱས་ནས་ཐད་གཏོང་གཉེར་ཚོང་བྱེད་པའི་སྣང་ཚུལ་སྣ་ཚོགས་ལ་དམིགས་ནས་དྲ་འཕྲིན་སྡེ་ཚན་གྱིས་ཁྲིམས་འགལ་སྒྲིག་འགལ་གྱི་དྲ་རྒྱའི་རྩིས་ཐོའི་ཨང་གྲངས་ཁག་གཅིག་ཐག་གཅོད་ནན་མོ་བྱས། མིག་སྔར་རིམ་རྩིས་བྱས་ན་འབྲེལ་ཡོད་སྒྲིག་འགལ་གྱི་ཆ་འཕྲིན8700ལྷག་ཙམ་གཙང་སེལ་བྱས་པ་དང་། གྲགས་ཅན་མི་སྣ་རྫུས་བཟོ་བྱས་པའི་མི་སྣའི་རྩིས་ཐོའི་ཨང་གྲངས་ཁྲི1.1ལྷག་ཙམ་ཐག་གཅོད་བྱས།

  • ཉེ་ཆར། རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་ཟླ་བའི་ལྷ་མོ་ཨང་དྲུག་པ་རྟགས་ཅན་གྱིས་བཏོན་པའི་མ་དཔེ་ལ་དབྱེ་ཞིབ་བྱས་པ་བརྒྱུད་གདོང་གཏུག་དོན་རྐྱེན་ཆེ་གྲས་འབྱུང་རྐྱེན་གྱི་སྨི་ཕྲན་རིམ་པའི་ལྕགས་གཏེར་དམར་པོ་དང་ཁབ་ལེན་དམར་ལྕགས་གཏེར་གྱི་བདར་གཟུགས་ཐོག་མར་ཤེས་རྟོགས་བྱུང་སྟེ། ཟླ་བའི་གོ་ལའི་དབྱང་འགྱུར་འགྱུར་འབྱུང་ལམ་སྲོལ་གསར་རྐྱང་གསལ་སྟོན་བྱས།

  • ཚན་ཞིབ་ཚོགས་པས་སི་ཁྲོན་གྱི་མ་པེན་ཏ་ཧྥེང་ཏིང(马边大风顶)རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྲོག་ཆགས་གསར་པ་མ་པེན་སྲེ་མོང་ཤེས་རྟོགས་བྱུང་། འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་དེ་རྒྱལ་སྤྱིའི་རིག་གཞུང་དུས་དེབ《མ་ལག་རིག་པ་དང་འཕེལ་འགྱུར་དུས་དེབ》ཐོག་སྤེལ་ཡོད།

3.jpg

  • ཉེ་ཆར། རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་སྐྱེལ་འདྲེན་གྱི་རྒྱལ་སྤྱིའི་ཚད་གཞི་གསར་པ་དང་མཐུན་པའི་རླངས་འཁོར་སྐྱེལ་འདྲེན་གྲུ་གཟིངས་ཐོག་མ་དེ་ཧྲན་ཏུང་ཡན་ཐའེ་རུ་བསྐྲུན་ཟིན་པ་རེད།

  • ཉིན་ཤས་གོང་ཐེན་ཅིན་མཁའ་འགྲུལ་གྲུ་ཁར་ཆུ་ཚོད24ནང་ཐད་ཀར་ས་མཚམས་སྒྲོལ་དུས་མཐའ་མཚམས་ཞིབ་བཤེར་འགྲོ་ལུགས་གཉེར་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས།

4.jpg

  • ཉིན་ཤས་གོང་ཧྲན་ཏུང་གི་ཉ་གྲུ་ཞིག་ཧོང་ཧའེ་རྒྱ་མཚོ་རུ་གློ་བུར་དུ་མེ་འབར་ནས་གྲུ་པ9ཡིས་གྲུ་གཟིངས་བསྐྱུར་ནས་མཚོ་ཐོག་ཏུ་མཆོངས་པ་རེད། ཅང་སུའུ་ལེན་ཡུན་ཀང་སུའུ་ཀན་ཡུས02002གྲུ་དཔོན་ལི་པའོ་ཧྲན་གྱིས་ཤེས་རྗེས་མྱུར་དུ་གྲུ་པ་ཁྲིད་དེ་མི9ཚང་མ་བསྐྱབས།

སྲིད་ཇུས།

  • ཧྲང་ཧའེ་ཡིས་ཆེད་ལས་ལག་རྩལ་ཚན་ཞིབ་མི་སྣ་ལས་གནས་ནས་བྲལ་ཏེ་རིན་ཐང་མཐོ་བའི་གསར་གཏོད་ལས་གཏོད་བྱ་རྒྱུར་རྒྱབ་སྐྱོར་བྱས་ཤིང་། དཔལ་འབྱོར་གྱི་ཕན་འབྲས་སམ་ཡང་ན་སྤྱི་ཚོགས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་རིགས་ལ་གཏན་འབེབས་ལྟར་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ་ཡིན་པའི་བསམ་འཆར་ཁྱབ་བསྒྲགས་བྱས།

  • ཧོ་ནན་གྱིས་འཕྲལ་སྡོམ་དཔུང་ཁག་ནང་བཅུག་པའི་ཆུ་ལམ་འགྲིམ་འགྲུལ་འཕྲལ་སྡོམ་མི་སྣ་ཚང་མར་དེའི་ཁོངས་གཏོགས་ལས་ཁུངས་ཀྱིས་དེར་མི་ལུས་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་ཉོ་དགོས་པ་དང་། དགོས་ངེས་ཀྱི་འགོག་སྲུང་སྒྲིག་ཆས་དང་ཡོ་བྱད་སྒྲིག་སྦྱོར་བྱས་ནས་འཕྲལ་སྡོམ་མི་སྣའི་ཉེན་ཁ་ཆུང་དུ་གཏོང་དགོས་པའི་བརྡ་ཐོ་བཏང་།

  • ཉིང་ཞ་ཡིས་བྱེད་ཐབས་བཏོན་ནས་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་དེ“རྙིང་ཚབ་གསར་བརྗེ”དང་། ཕྱི་ཕྱོགས་ཉོ་ཚོང་གི་སྤུས་ལེགས་ཐོན་རྫས་ཀྲུང་གོར་བསྐྱོད་པ། ཉིང་ཞའི་སྤུས་ལེགས་ཀྲུང་གོར་སྐྱོད་པ་སོགས་ཀྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་བཏང་བ་དང་། ལོ་འདིའི་ནང་ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་སྦྲེལ་མཐུད་བྱེད་སྒོ་ཐེངས10ལས་མི་ཉུང་བ་སྤེལ་དགོས་པ་རེད།

དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་བྱང་ཤར་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། ཧྲའན་ཤིས་ཀྱི་དབུས་ལྷོ་རྒྱུད། ཧོ་ནན་གྱི་ནུབ་རྒྱུད། ཧུའུ་པེའི་ནུབ་རྒྱུད། ཁྲུང་ཆིང་གི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཧོང་ཧོའེ་ཡི་ནུབ་རྒྱུད་དང་། ཅང་ཧོའེ་ཡི་ས་ཆ་མང་ཆེ་བ། ཅང་ཧན། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཀོང་ཞིའི་ནུབ་རྒྱུད། ཡུན་ནན་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་རེད།


མཉམ་སྤྱོད།