དེ་རིང་ནི2025ལོའི་ཟླ12པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-12-09 08:42:24   |   143

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུ་ཡིས་ཟླ12ཚེས8ཉིན་ཚོགས་འདུ་འཚོགས་ནས2026ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་།《ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་མགོ་ཁྲིད་བྱེད་པའི་ལས་དོན་སྲོལ་ཡིག》ལ་གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

  • ཟླ12པའི་ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། ད་ལོའི་དཔལ་འབྱོར་གནས་བབ་དང་སང་ལོའི་དཔལ་འབྱོར་ལས་དོན་ཐད་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་འགོར་ཉན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ནས། རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་ལེགས་སུ་འགྲོ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་བསྟན་པ་དང་། ཡིད་ཆེས་བརྟན་པོ་དང་། ལེགས་ཆ་བེད་སྤྱོད་ཡག་པོ། འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ཏེ་དཔལ་འབྱོར་བརྟན་ཐོག་ལེགས་འཕེལ་གྱི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་བཏང་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་དགོས་ཞེས་ནན་བཤད་གནང་བ་རེད།

  • ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། རྒྱལ་ཡོངས་ཀྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས8.3%འཕར་ཡོད།

  • ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། ལག་ཁྱེར་ཁ་པར་སོགས་འཕྲིན་གཏོང་སྒྲིག་ཆས་སིལ་ཚོང་ལས་རིགས་དང་། འཁྱག་སྒམ་སོགས་རྒྱུན་མཁོའི་ཁྱིམ་སྤྱོད་གློག་ཆས་སིལ་ཚོང་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས20.3%དང26.5%སོ་སོར་འཕར་ཡོད།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་བཅུ་གཅིག་པར། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི3.9ཟིན་པ་དང་། དུས་མཚུངས་ལས4.1%འཕར་ཡོད།

  • ཟླ12ཚེས13ཉིན་གྱི་སྔ་དྲོའི་ཆུ་ཚོད10སྟེང་། ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་དམག་གིས་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་དུ་རྒྱལ་ཁབ་ཀྱི་སྤྱི་མཆོད་མཛད་སྒོ་འཚོག་རྒྱུ་རེད།

  • ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་བརྒྱད་པའི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་འདེམས་བསྐོའི་མཇུག་འབྲས་དེ་ཚེས8ཉིན་ཁྱབ་བསྒྲགས་བྱས་པ་དང་། ཁྲིམས་འཛུགས་ལྷན་ཚོགས་ཀྱི་གྲོས་མི90ཚང་མ་གདམ་ཐོན་བྱུང་།

  • ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། མངའ་ཁོངས་ནས་འགྲོ་བའི་ཁྲལ་སློག་བྱེད་མཁན་ཕྱི་རྒྱལ་གྱི་འགྲུལ་པའི་གྲངས་འབོར་དུས་མཚུངས་ལས285%འཕར་ཡོད།

  • ཚེས8ཉིན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)ཧྲང་ཧའེ་ལྟེ་གནས་དངོས་སུ་སྒོ་འབྱེད་བྱས་པ་རེད།

  • ཚེས་8ཉིན་གྱི་དུས་ཚོད22:15སྟེང་། འཇར་པན་པིན་ཀྲོའུ་ཡི་ཤར་རྒྱུད་ཉེ་འགྲམ་གྱི་མཚོ་ཁོངས་སུ་ས་ཡོམ་རིམ་པ7.5བྱུང་པ་དང་ཡོམ་ཁུངས་གཏིང་ཚད་སྟོང་སྨི་50ཟིན་ཡོད།

སྤྱི་ཚོགས།

  • སྔོན་དཔག་བྱས་ན་ཚེས10ནས་ཚེས13ཉིན་བར། གྲང་ངར་ཆེ་བའི་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་རང་རྒྱལ་གྱི་ས་ཁུལ་མང་ཆེ་བའི་ནུབ་ནས་ཤར་ཕྱོགས་སུ་དྲོད་ཚད་ཡོངས་ཁྱབ་ཏུ་ཏུའུ་གྲངས6ནས10བར་མར་ཆག་རྒྱུ་རེད།

  • ཚེས8ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་ཏུན་རེར་སྒོར55མར་ཆག་ཡོད། སྒེར་འཁོར་ཆུང་གྲས་ཀྱིས་ཧྲེང50ཡིན་པའི་རླངས་སྣུམ་ཨང92ཅན་གྱི་སྒམ་གང་བླུགས་ན་སྒོར་2ཡས་མས་ཉུང་དུ་འགྲོ་རྒྱུ་རེད།

  • ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། ཁྲལ་དོན་སྡེ་ཚན་གྱིས་མི་སྣ་གྲགས་ཅན་དང་དྲ་ཐོག་གྲགས་ཅན་(明星网红)ཚུད་པའི“མཐོ་གཉིས”མི་སྣ1818ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཁྲལ་དངུལ་སྒོར་དུང་ཕྱུར15.23ཞིབ་བཤེར་ཁ་གསབ་བྱས་ཡོད།

  • ཚེས8ཉིན་རྒྱལ་ཡོངས་ཀྱི་སྐབས་བཅུ་གཉིས་པའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དང་སྐབས་དགུ་པའི་དམིགས་བསལ་ཨོ་ལིམ་ཕིས་ཁི་ལུས་རྩལ་འགྲན་ཚོགས་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་དུ་འགོ་ཚུགས།

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་དེ་སྔའི་རྒྱུན་ཨུ་དང་། མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རིན་གཞོན་པ་ཀུའུ་ཀྲུང་ཝུན་གྱིས་ལྐོག་རྔན་བླངས་པ་དང་འགན་དབང་གང་བྱུང་དུ་སྤྱད་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཀུའུ་ཀྲུང་ཝུན་ལ་སྲོག་ཁྲིམས་བཅད་པ་དང་ལོ་གཉིས་ཕྱིར་འགྱངས་བྱས་ནས་ལག་བསྟར་བྱེད་རྒྱུ་རེད།

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་དེ་སྔའི་རྒྱུན་ཨུ་དང་། དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རིན་གཞོན་པ་པི་ཅིང་ཆོན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྒྲིག་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད།

  • ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཕེང་ཞའོ་ཁྲུན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྒྲིག་ཁོངས་ནས་ཕྱིར་འབུད་བྱས་པ་རེད།

  • པེ་ཅིང་སློབ་ཆེན་གྱི་དེ་སྔའི་ཏང་ཨུའི་རྒྱུན་ཨུ་དང་སློབ་སྤྱི་གཞོན་པ་རིན་དབྱི་ཀྲུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྒྲིག་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད།

01.jpg

  • ཚེས7ཉིན་ནས2026ལོའི་ཁངས་འབབ་དུས་སྐབས་མཇུག་སྒྲིལ་བའི་བར་དུ། ལྕགས་ལམ་སྡེ་ཚན་གྱིས་པེ་ཅིང་བྱང་ནས་དང་ཁྲུང་ལི་བར་གྱི་མེ་འཁོར་འབབ་ཚུགས་ཁག་ཏུ་འཁོར་སྐྱོད་བྱེད་པའི་ཨང་རྟགས་ཡིག་འབྲུGཅན་གྱི་མེ་འཁོར་ལ་“གངས་ཆས་སྟབས་བདེའི་བྱ་སྤྱོད”ཀྱི་ཞབས་ཞུ་ཚོད་ལྟ་བྱས་ནས་མཁོ་འདོན་བྱེད་རྒྱུ་རེད།

02.jpg

  • ཉེ་ཆར། འབར་མའི་མའོ་ཝ་ཏི་ས་ཁུལ་གྱི་རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་གློག་འཕྲིན་མགོ་སྐོར་གྱི་ཉེས་གསོག་དོགས་ཅན་མི1178རང་རྒྱལ་སྤྱི་བདེ་ལས་ཁུངས་ཀྱིས་ཐེ་ལན་བརྒྱུད་ནས་རྒྱལ་ནང་དུ་བཟུང་སྐྱེལ་བྱས་པ་རེད།

03.gif

  • ཉེ་ཆར། ལོ་བཞི་ཅན་གྱི་བྱིས་པ་ཞིག་སེམས་ཆུང་མ་བྱས་པར་ཧྲའན་ཤིས་པའོ་ཅི་ལྷོ་ཡི་འབབ་ཚུགས་ཀྱི་འབབ་སྟེགས་ཀྱི་སྲུབས་ཀར་ལྷུང་བ་དང་། ལས་རེས་པ་ལེའང་ཁང་གིས་མཐོང་རྗེས་མྱུར་དུ་རླངས་འཁོར་གཏོང་རྒྱུ་བཀག་སྟེ་སྐར་མ1དང་སྐར་ཆ26ཙམ་ནང་ཕྲུ་གུ་བསྐྱབས་པ་རེད།

སྲིད་ཇུས།

  • ནང་སོག་གིས་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱས་པ་དང་། ཟླ12ཚེས1ཉིན་ནས་བཟུང་། ས་ཁུལ་རིགས་དང་པོའི་ཟླ་རེའི་གླ་ཕོགས་དམའ་ཤོས་སྒོར2380དང་། ས་ཁུལ་རིགས་གཉིས་པར་སྒོར2310  ས་ཁུལ་རིགས་གསུམ་པར་སྒོར2250བཅས་བར་འཕར་རྒྱུ་རེད།

  • ཧུའུ་ནན་གྱིས་ཇུས་གཞི་པར་འགྲེམས་བྱས་ནས་ཕྲུ་གུ་གསར་སྐྱེས་ལ་སྐྱེས་པའི་གསོ་རིག་གི་དཔང་ཡིག་ལ་བརྟེན་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཕྲུ་གུ་སྐྱེས་མ་ཐག་པའི་ལོ་འཁོར་གྱི་འགན་བཅོལ་ནང་ཞུགས་རྒྱུའི་གཟིགས་སྐྱོང་སྲིད་ཇུས་ཚོད་ལྟའི་ལག་ལེན་བསྟར་རྒྱུ་རེད།

  • ཧའེ་ནན་གྱིས་སྤྱི་པའི་གྲངས་གཞིའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་ཐབས་བཏོན་ནས་སྤྱི་དམངས་ཀྱིས་ལས་སྟེགས་བརྒྱུད་ནས་སྲིད་གཞུང་གི་གྲངས་གཞི་ཐོབ་རྒྱུའི་རེ་ཞུ་བྱེད་ཆོག་པ་དང་། གལ་སྲིད་རེ་ཞུ་བྱས་པའི་གྲངས་གཞི་དེ་ཆ་རྐྱེན་མེད་པའི་སྒོ་དབྱེའི་རིགས་ཡིན་ན། འབྲེལ་ཡོད་སྡེ་ཁག་གིས་ངེས་པར་དུ་འཕྲལ་མར་མཁོ་འདོན་བྱེད་དགོས་ཞེས་བསྟན་པ་རེད།

དེ་རིང་གི་གནམ་གཤིས།

04.jpg

  • ཤིན་ཅང་གི་བྱང་རྒྱུད་དང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ནས་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ཤིན་ཅང་ཨ་ལི་ཐའེ་ས་ཁུལ་དང་། དབྱི་ལི་ལུང་གཞུང་། བོད་ལྗོངས་ཀྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་ཏུ་ཁངས་འབྲིང་ནས་ཁངས་ཆེན་འབབ་རྒྱུ་རེད། སི་ཁྲོན་གཤོང་སའི་དབུས་ནུབ་རྒྱུད་དང་། ཁྲུང་ཆིང་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་དབུས་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད། ཧྥུའུ་ཅན་གྱི་བྱང་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་དང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།