དེ་རིང་ནི2025ལོའི་ཟླ12པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-12-15 09:27:54   |   46

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་རང་རྒྱལ་གྱི་འཕྲུལ་ཆས་བཟོ་ལས་ཀྱི་རིན་ཐང་འཕར་ཚད་ལོ་རེར7.1%ལས་བརྒལ་ནས་དུས་མཚུངས་ཀྱི་རྒྱལ་ཡོངས་བཟོ་ལས་དང་བཟོ་སྐྲུན་ལས་རིགས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་རེད།

1.jpg

  • “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་རང་རྒྱལ་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། རིམ་རྩིས་བྱས་ན་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར7000ལས་བརྒལ་བ་བཀོད་སྒྲིག་བྱས་ནས་ས་གནས་ཁག་གིས་ཚད་གཞི་མཐོ་བའི་ཞིང་ས་མུའུ་དུང་ཕྱུར4.6གསར་སྐྲུན་དང་སྒྱུར་བཀོད་རིམ་སྤོར་ལ་རྒྱབ་སྐྱོར་བྱས།

  • ནོར་སྲིད་པུའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་སུ་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་སྒོར་དུང་ཕྱུར42770འགྲེམས་སྤེལ་བྱས་པ་དང་། འགྲེམས་སྤེལ་བྱེད་ཚད97%ཟིན་ཡོད།

  • ཚེས12ཉིན། ཚོང་དོན་པུའི་གཞུང་དོན་ཐིང་དང་། ཀྲུང་གོ་མི་དམངས་དངུལ་ཁང་གཞུང་དོན་ཐིང་། དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའི་གཞུང་དོན་ཐིང་བཅས་ཀྱིས《ཚོང་དོན་དང་དངུལ་རྩའི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འཛད་སྤྱོད་བྱེད་ཤུགས་དེ་བས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་མཛུབ་ཁྲིད་བསམ་འཆར་ཁྱབ་བསྒྲགས་བྱས་ཏེ། དྲ་ཐོག་ཚོང་དོན་ཐད་གཏོང་གི་ཁྱབ་ཁོངས་དེར་དམིགས་ནས་ཐོན་རྫས་འདེམས་པའི་ལམ་སྲོལ་དང་། གསོ་སྦྱོང་བླང་བྱ། “མིང་ཐོ་ནག་པོའི”ལམ་ལུགས་སོགས་གསལ་པོར་གཏན་ལ་ཕབ།

  • གྲངས་གཞི་ལས་མངོན་པར། རང་རྒྱལ་གྱི་མི་ཐབས་རིག་ནུས་ཐོན་ལས་འཕེལ་རྒྱས་མྱུར་པོ་འགྲོ་བའི་རྣམ་པ་མངོན་ཞིང་།2025ལོར་མི་ཐབས་རིག་ནུས་ཀྱི་ལྟེ་བའི་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི1.2ལས་བརྒལ་རྒྱུ་རེད།

  • ཚེས14ཉིན་གྱི་ཐོ་རེངས་སུ་ཀྲུང་གོའི་ལྷོ་སྣེར་རྟོག་ཞིབ་ལས་འགན་ཐེངས42སྒྲུབ་པའི་“གངས་འབྲུག”རྟགས་ཅན་གྱིས་ཀྲུང་ཧྲན་བབས་ཚུགས་སུ་དངོས་ཟོག་འདོན་འཇུག་དང་མི་སྣ་སྐམ་སར་འབུད་པའི་ལས་དོན་ལེགས་གྲུབ་བྱུང་།

  • ཚེས14ཉིན། ཨོ་སི་ཁྲུ་ལི་ཡའི་ཞི་ཉིའི་མཚོ་འགྲམ་དུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་རྗེས། ཞི་ཉི་རུ་བཅའ་སྡོད་བྱས་ཡོད་པའི་ཀྲུང་གོའི་སྤྱི་ཁྱབ་གཞུང་ལས་ཁང་གིས་མངའ་ཁུངས་ས་ཁུལ་གྱི་ཀྲུང་གོའི་སྤྱི་དམངས་ལ་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་གནང་།

སྤྱི་ཚོགས།

  • ཚེས14ནས་ཚེས15ཉིན་བར་རྒྱལ་ཡོངས་ཀྱི་མང་ཆེ་བ་ཁངས་ཆར་ཉུང་བའི་དུས་མཚམས་སུ་སླེབས་ནས་སྔ་རྗེས་སུ་དྲོད་ཚད་སླར་གསོ་ཆེན་པོ་བྱུང་བ་དང་། ཧྭ་བྱང་གི་ནུབ་རྒྱུད་དང་ཧོང་ཧོའེ་ནས་འབྲི་ཆུའི་ལྷོ་རྒྱུད་བར་གྱི་གཟའ་འཁོར་རྗེས་མའི་དྲོད་ཚད་མཐོ་ཤོས་རིམ་རྩིས་བྱས་ན་འཕར་བའམ་ཡང་ན10℃ལས་བརྒལ་རྒྱུ་རེད།

2.png

  • ད་ལོ་རང་རྒྱལ་གྱི་གསར་སྦོལ་ཁུལ་ཆེ་ཤོས་ཀྱི་པེ་ཏ་ཧོང་སྡེ་ཚོགས་ཀྱི་འབྲུ་རིགས་སྤྱིའི་ཐོན་འབབ་རྒྱ་མ་དུང་ཕྱུར463.14ཟིན་པ་དང་། དེ་ལོ་གོང་མ་ལས་རྒྱ་མ་དུང་ཕྱུར5.50འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་ཞིང་ལས་ཐོན་སྐྱེད་ལ“ལོ་ཉེར་གཉིས་བསྟུད་མར་ཐོན་འབབ”བྱུང་ཡོད།

3.png

  • ཉིན་ཤས་གོང་ཅི་ལིན་ཞིང་ཆེན་ཡིག་ཚགས་ཁང་གིས་ཉར་ཚགས་བྱས་པའི་ཡིག་ཚགས་ནང་འཇར་པན་ཀོན་ཏུང་དམག་སྲིད་ཉེན་རྟོག་རུ་ཁག་གིས་ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་དམག་དཔུང་སྡེ་བདུན་གསུམ་གཅིག་ཏུ་སྐྱེལ་ནས་འབུ་ཕྲའི་ཚོད་ལྟ་བྱས་པའི་གནོད་འཚེ་ཕོག་མཁན་མི་བདུན་གྱི་འབྲེལ་ཡོད་ཆ་འཕྲིན་གསར་དུ་སྔོག་འདོན་བྱས། དེས731དཔུང་སྡེའི་ཉེས་སྤྱོད་ར་སྤྲོད་ཐུབ་པའི་དཔང་རྟགས་གཙོ་བོ་སྔར་བས་ཁ་གསབ་བྱས།

4.png

  • ཚེས14ཉིན། འཛམ་གླིང་ཕིང་ཕང་སྤོ་ལོའི་ལས་རིགས་མནའ་འབྲེལ་ཆེ་མོའི(WTT)ཞང་ཀང་གི་སྤྱིའི་མཐའ་བསྡུར་གྱི་བུད་མེད་རྐྱང་རྐྱང་གི་མཐའ་བསྡུར་ནང་ཝང་མན་ཡུས་ཀྱིས་ཨང་དང་པོ་བླངས་པ་རེད།

  • རང་རྒྱལ་གྱི་ཆུ་གཏིང་ཟབ་པའི་སྣུམ་ཞིང་ཐོག་མ་སྟེ་ལིའུ་ཧྭ་སྣུམ་ཞིང་གསར་སྤེལ་ཐེངས་གཉིས་པའི་རྣམ་གྲངས་ཕྱོགས་ཡོངས་ནས་ཐོན་སྐྱེད་བྱེད་མགོ་ཚུགས་པ་དང་། ཉིན་རེར་མ་བཅོས་རྡོ་སྣུམ་ཐོན་ཚད་ཏུན3900བར་འཕར་ནས་ཐོན་ནུས་ཀྱི་ཟིན་ཐོ་གསར་པ་བཏོད།

  • པེ་ཅིང་གྲོང་ཁྱེར་རིག་དངོས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། གྱང་ཉམས་གསོ་དང་། ཉེན་སེལ་བརྟན་གཏོང་། མཐའ་འཁོར་གྱི་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད་པེ་ཅིང་གི་ཕིང་ཀུའུ་དམག་དཔོན་ཀོན་ལྕགས་རི་རིང་པོ་སྔོན་དཔག་བྱས་ན་མགྱོགས་ཤོས་ལ2026ལོའི་ལོ་མཇུག་ཏུ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་རེད།

5.png

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་བོད་ལྗོངས་ཉིང་ཁྲིར་ཉ་རིགས་གསར་པ་ཞིག་རྙེད་པ་རེད།

  • སན་ཧྲ་མཚོ་དོན་ཅུས་ཚེས16ཉིན་གྱི་ཆུ་ཚོད10:15ནས་ཆུ་ཚོད12:15བར་ལྷོ་རྒྱ་མཚོའི་ཆུ་ཁོངས་ཁག་གཅིག་ལ་མེ་ཤུགས་འཕུར་མདའི་ཆག་རོ་ལྷུང་ནས་བསྐྱོད་མི་ཆོག་པའི་མཚོ་འགྲུལ་ཐ་ཚིག་བསྒྲགས་པ་རེད།

640.gif

  • ཉེ་ཆར་ཀོང་ཞི་ལིའུ་ཀྲོའུ་ཡི་རླངས་འཁོར་ཆུང་ཆུང་ཞིག་ཕུག་ལམ་ནང་ལས་འཛོལ་བྱུང་ནས་ཁ་ལོ་བ་རླངས་འཁོར་ནང་དྲན་པ་ཐོར། སྐུ་ཞབས་ཝང་ལགས་ཀྱིས་འཕྲུལ་རྟ་བསྐོར་ནས་འགྲོ་སྐབས་གནས་ཚུལ་ཤེས་རྗེས་མྱུར་དུ་བསྡད་དེ་འགྲིམ་འགྲུལ་འབིག་རས་བཞག་པ་དང་། 110དང119ལ་ཁ་པར་བཏང་། རོགས་སྐྱོབ་མི་སྣ་ཡུལ་དངོས་སུ་འབྱོར་རྗེས་སྐུ་ཞབས་ཝང་ལགས་ཕྱིན་པ་རེད།

སྲིད་ཇུས།

  • ལེའོ་ཉིང་གིས་ཤེས་ལྡན་མི་སྣ་ནང་འདྲེན་དང་། གསོ་སྐྱོང་གི་སྲིད་ཇུས་ཁོར་ཡུག་ལེགས་སུ་བཏང་ནས་མཐོ་སློབ་ཀྱི“དོན་རེར་གྲོས་རེས་དང་མི་རེར་ཐབས་ཇུས་རེར”ཞེས་པའི་ཤེས་ལྡན་མི་སྣའི་ནང་འདྲེན་བྱེད་ཐབས་རྒྱབ་སྐྱོར་བྱས་ཏེ། གཙོ་གནད་ཁྱབ་ཁོངས་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས། འབྱུང་འགྱུར་ཐོན་ལས་ཁ་ཕྱོགས་ལ་མཁོ་བའི་དཀོན་པའི་ཤེས་ལྡན་མི་སྣའི་ཚོགས་པར་ནང་འདྲེན་གོ་རིམ་སྟབས་བདེ་རུ་གཏོང་དགོས་པ་བཏོན།

  • ཧྲན་ཏུང་གིས་བྱེད་ཐབས་བཏོན་ནས་ཀུན་ཕན་རྒྱབ་སྐྱོར་རྣམ་པའི་རྒན་གསོའི་སྒྲིག་གཞིར་སྲིད་ཇུས་ཀྱི་རོགས་སྐྱོར་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས2029ལོའི་ལོ་མཇུག་སྔོན་རྒན་རྒོན་ཁྲི་རེར་ཀུན་ཕན་རྒན་གསོའི་ཉལ་ཁྲི100ཡན་བསྐྲུན་རྒྱུ་རེད།

  • ཧྲན་ཞིས2026ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ཞིང་ཆེན་ནང་ཁུལ་གྱི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་། ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་ནད་གཡོག་ཁ་གསབ་ཚད་གཞི་དེ་ལོ་འཁོར་གོང་མའི་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཆ་སྙོམས་ཚད་གཞིའི15%དང20%ནས22%བར་ལེགས་སྒྲིག་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན།

དེ་རིང་གི་གནམ་གཤིས།

7.jpg

  • ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་དང་། ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ་དང་། བོད་ལྗོངས་ཀྱི་ཤར་རྒྱུད། ཧེ་ལུང་ཅང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ་གྱི་ས་ཁུལ་དུ་ཁངས་འབྲིང་ནས་ཁངས་ཆེན་བར་འབབ་རྒྱུ་རེད། ཡུན་ནན་གྱི་ལྷོ་རྒྱུད་དང་ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།