དེ་རིང་ནི2025ལོའི་ཟླ12པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-12-17 09:31:43   |   233

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཚེས16ཉིན་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་ཡི་དབྱིན་ཐའེ་ནས་པེ་ཅིང་དུ་ལས་འགན་སྙན་སེང་ཞུ་བར་ཕེབས་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་ལ་མཇལ་འཕྲད་གནང་བ་དང་། ལི་ཅ་ཁྲའོ་ཡིས་ཕུལ་བའི་ཞང་ཀང་གི་མིག་སྔའི་གནས་བབ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན།

2.jpg

  • ཚེས16ཉིན་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་ཡི་དབྱིན་ཐའེ་ནས་པེ་ཅིང་དུ་ལས་འགན་སྙན་སེང་ཞུ་བར་ཕེབས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་ཚིན་ཧའོ་ཧུའེ་ལ་མཇལ་འཕྲད་གནང་བ་དང་། ཚིན་ཧའོ་ཧུའེ་ཡིས་ཕུལ་བའི་ཨའོ་མོན་གྱི་མིག་སྔའི་གནས་བབ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན།

  • སྙན་ཞུ་གསར་ཤོས་ལས་མངོན་པར། རང་རྒྱལ་གྱི་གྲངས་འཛིན་འཛད་སྤྱོད་སྤྱོད་མཁན་དུང་ཕྱུར9.58ལས་བརྒལ་ནས་གྲངས་འཛིན་འཛད་སྤྱོད་དེ་འཛད་སྤྱོད་ཀྱི་སྒུལ་ནུས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད།

  • ད་ལོ་རང་རྒྱལ་གྱི་རྡོ་སྣུམ་དང་སོལ་རླངས་ཀྱི་ཐོན་ཚད་གཉིས་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ནས། མ་བཅོས་རྡོ་སྣུམ་གྱི་ཐོན་ཚད་ཏུན་དུང་ཕྱུར2.15ཙམ་ཡིན་པ་དང་། རང་བྱུང་སོལ་རླངས་ཀྱི་ཐོན་ཚད་ཤོ་སྨི་དུང་ཕྱུར260ལས་བརྒལ་ཡོད་པ་རེད།

  • སློབ་གསོ་པུས་དུས་ཐེངས་གཉིས་པའི“མཐོ་གཉིས་འཛུགས་སྐྲུན་འཆར་གཞི”ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ལ་ཁྱབ་པའི་རྩལ་ནུས་རྣམ་པའི་མཐོ་སློབ་ཀྱི“རྒྱལ་ཁབ་རུ་ཁག”ཧུར་ཐག་བཏོད་རྒྱུ་རེད།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ངོ་སྤྲོད་བྱས་པར་གཞིགས་ན། “ཁྲིམས་འགལ་ཐོག་མ་བྱས་པ་ལ་ཆད་པ་མི་གཅོད་པ”དང“ཁྲིམས་འགལ་ཆུང་བ་བྱས་པ་ལ་ཆད་པ་མི་གཅོད་པའི”གསལ་ཐོ་ཞིབ་འཇུག་བྱས་ནས་བཟོ་བཞིན་ཡོད། དེས་གཉེར་སྐྱོང་བྱེད་པོར་ནོར་འཛོལ་ཤོར་བའི་བར་མཐོངས་མཁོ་འདོན་བྱེད་ཀྱིན་ཡོད་ལ་ཁྲིམས་འཛིན་མི་སྣར་མཛུབ་ཁྲིད་གསལ་པོའང་བྱེད་ཀྱིན་ཡོད།

  • ཧའེ་ནན་ཞིང་ཆེན་སྲིད་གཞུང་གིས་བརྡ་ཁྱབ་བཏང་ནས་ཚེས18ཉིན་ནས་བཟུང་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་འགག་སྒོ་དངོས་སུ་སྒོ་རྒྱག་རྒྱུ་རེད།

640.gif

  • ཚེས16ཉིན་ཆུ་ཚོད11དང་སྐར་མ17སྟེང་། རང་རྒྱལ་གྱིས་ཐེ་ཡོན་འཁོར་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་བཞི་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་ཐོན་ཁུངས་གསུམ་པའི་འཁོར་སྐར04པ་མཁའ་དབྱིངས་སུ་འཕེན་གཏོང་ལེགས་གྲུབ་བྱུང་།

  • ཚོང་དོན་པུས་སྤྱི་བསྒྲགས་སྤེལ་ནས་ཚེས17ཉིན་ནས་བཟུང་ཡོ་རོབ་མནའ་འབྲེལ་ནས་ཐོན་པའི་ནང་འདྲེན་བྱས་པའི་འབྲེལ་ཡོད་ཕག་ཤ་དང་ཕག་པའི་ཞོར་ཐོན་དངོས་རྫས་ལ་ཕམ་ཚོང་རྒོལ་ཁྲལ་བསྡུ་རྒྱུ་རེད།

  • ཀྲུང་གོ་དང་ཨ་རིའི་དུག་འགོག་སྡེ་ཚན་གྱིས་ཁྲིམས་འཛིན་མཉམ་ལས་བྱས་ཏེ་ཧྲེན་ཀྲེན་ཡན་ཐེན་གྲུ་ཁའི་དོགས་གཞི་ཡོད་པའི་རྒྱལ་སྤྱིའི་ཟོག་སྒམ་ཞིག་གི་ནང་དུག་རྫས་ཁོ་ཁ་དབྱིན་སྤྱི་རྒྱ430རྩད་ཆོད་པ་རེད།

སྤྱི་ཚོགས།

  • ཚེས17ནས་ཚེས18ཉིན་བར། རང་རྒྱལ་དབུས་ཤར་རྒྱུད་ཀྱི་དྲོད་ཚད་མང་ཆེ་བ་ཧྲེ་ཧྲི་ཏུའུ4ནས6བར་འཕར་རྒྱུ་དང་། བྱང་ཤར་ས་ཁུལ་དང་ནང་སོག་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་བསྐྱར་འཕར་ཚད་ཧྲེ་ཧྲི་ཏུའུ10ཡན་ལ་སླེབས་རྒྱུ་རེད།

1.jpg

  • ཚེས16ཉིན། ཧར་པིན་གྱི་ཁངས་མི་ཆེན་པོ་དངོས་སུ་སྐྲུན་ཚར་བ་རེད། ད་ལོའི་ཁངས་མིའི་གཟུགས་པོའི་རིང་ཚད་ལ་སྨི19ཡོད།

  • ཟླ11པའི་ཟླ་མཇུག་བར་ནང་སོག་རླུང་གློག་གི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་སྟོང་ཝ་ཁྲི10033ཟིན་ནས་རྒྱལ་ཡོངས་ནས་ཐོག་མར་སྟོང་ཝ་དུང་ཕྱུར1ལས་བརྒལ་བ་རེད།

6.png

  • རང་རྒྱལ་གྱིས་རང་མོས་ཞིབ་བཟོ་བྱས་པའི་འཛམ་གླིང་གི་ཚངས་ཐིག་ཆེ་ཤོས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་ཕུབ་གྲུབ་འཕྲུལ་འཁོར་ཏེ་ཁྲུང་ཐའེ་འབྲི་ཆུའི་ཕུག་ལམ་གྱི“སྣེ་ཁྲིད་རྟགས་ཅན”གྱི་སྔོག་འདོན་བྱེད་ཚད་སྨི་ཁྲི་ཡི་འགག་སྒོ་ཆེན་པོ་ལས་བརྒལ་ནས་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ350ཡི་མྱུར་བགྲོད་ལྕགས་ལམ་གཙང་པོ་བརྒལ་བའི་དམིགས་ཚད་ཕྱོགས་སུ་འགག་རྩའི་གོམ་སྟབས་ཤིག་སྤོས་པ་རེད།

  • ཀོང་ཞི་ནན་ཉིང་ཀྲུང་དབྱང་མི་དམངས་ཁྲིམས་ཁང་གིས་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅིའམ་ཀྲུའུ་ཞི་ཆི་ཐུང་ཧྲེང་གིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཆི་ཐུང་ཧྲེང་ལ་སྲོག་ཆད་ཕྱིར་འགྱངས་ཀྱི་ཁྲིམས་ཐག་བཅད་པ་རེད།

  • པེ་ཅིང་ཆིང་ཧྭ་ཁྲང་ཀེང་སྨན་ཁང་གིས་དཀའ་ཚེགས་ཆེ་བའི་མཆིན་པ་བསྐྱར་དུ་འདེབས་འཛུགས་བྱེད་པའི་ལག་རྩལ་ཞིག་ལེགས་སྒྲུབ་བྱས་པ་སྟེ། སྨན་བཅོས་ཚོགས་པས་སྔོན་ལ་མཆིན་པ་ཆ་ཚང་ལུས་ཕྱིར་སྤོས་ནས་དྲོད་ཚད་དམའ་བའི་ཆུ་གཏོང་བ་དང་ཁྲག་མེད་པའི་ཁོར་ཡུག་འོག་ནད་གཞི་གནད་སྨིན་གཙང་སེལ་བྱེད་པ་དང་འབྲེལ་ཁྲག་རྩ་གལ་ཆེན་བསྐྱར་སྐྲུན་བྱས་རྗེས་བདེ་ཐང་གི་མཆིན་པ་སླར་ཡང་ལུས་ནང་དུ་བཅུག་པ་རེད།

7.png

  • ཧོ་ནན་ཞིང་ཆེན་ཡིག་ཚགས་ཁང་གིས་ཉེ་ཆར་སྔོན་གཤེགས་དཔའ་བོ་ཝུའུ་ཧྲི་ཡི་ལོ་བརྒྱའི་སྔོན་གྱི་རྩ་ཆེའི་འདྲ་པར་ཉམས་གསོ་བྱས་པ་རེད། སྔོན་གཤེགས་དཔའ་བོ་ཝུའུ་ཧྲི་གཞོན་ནུའི་དུས་སྐབས་ཀྱི་བློ་བརྟན་འགྱུར་མེད་ཀྱི་གཟུགས་བརྙན་སླར་ཡང་མངོན་ཡོད།

  • ཧྲང་ཧའེ་ཉེན་རྟོག་ཕྱོགས་ཀྱིས་ཉེ་དུས་མི་མེད་གནམ་གྲུ་ཁྲིམས་འགལ་འཕུར་བར་ཞབས་ཞུ་མཁོ་འདོན་བྱས་པའི་གྱོད་གཞི5བསྟུད་མར་རྩད་ཆོད། ཉེན་རྟོག་ཕྱོགས་ཀྱིས་མི་མེད་གནམ་གྲུ་ཁྲིམས་འགལ་འཕུར་བ་ཡིས་སྤྱི་པའི་བདེ་འཇགས་ལ་ཉེན་ཁ་བཟོ་བ་དང་ཁྲིམས་འགལ་ཉེས་གསོག་གི་དོགས་གཞི་ཡོད་པའི་དྲན་སྐུལ་གནང་།

སྲིད་ཇུས།

  • 《དམངས་ཡོངས་ཀྱི་དཔེ་ཀློག་སྐུལ་འདེད་སྲོལ་ཡིག》ཁྱབ་བསྒྲགས་བྱས་ནས་སང་ལོའི་ཟླ2པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། སྲོལ་ཡིག་ནང་དམངས་ཡོངས་ཀྱི་དཔེ་ཀློག་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་རྒྱ་ཆེ་རུ་གཏོང་དགོས་པ་གཏན་འབེབས་བྱས་ཡོད།

  • 《ཉེན་སེལ་གེགས་སེལ་ལས་འགན་སྒྲུབ་པའི་རླངས་འཁོར་རིན་མེད་ཤར་གཏོང་ཐུབ་པའི་ཞབས་ཞུའི་འགན་ལེན་སྒྲིག་སྲོལ》ཁྱབ་བསྒྲགས་བྱས་ནས་ཤར་གཏོང་འགན་ལེན་ཁྱབ་ཁོངས་སྔར་བས་ཆེ་རུ་བཏང་་བ་དང་། སྒྲིག་སྲོལ་དེ་སང་ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྤྱི་བསྒྲགས་སྤེལ་ནས་དམར་པོ2Gདང་། ཨེར་ཅ་ཅི་ཧོང།(二甲基黄)ཨེར་དབྱི་ཅི་ཧོང།(二乙基黄)ཞི་པུའུ་ཆུས་མིང་།(西布曲明)དེ་བཞིན་དེའི་མཆེད་འགྱུར་སྐྱེ་དངོས་བཅས་བཟའ་བཅའ་མིན་པའི་དངོས་པོའི་མིང་གཞུང་ནང་བཅུག་པ་རེད།

དེ་རིང་གི་གནམ་གཤིས།

8.jpg

  • ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་དང་། ནང་སོག་གི་བྱང་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། ཁྲོན་ནུབ་ས་མཐོ་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ཞིན་ཅང་ཨ་ལེ་ཐའེ་དང་དབྱི་ལི་ལུང་ཁུལ་དུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། ལྷོ་ནུབ་ས་ཁུལ་གྱི་ལྷོ་རྒྱུད་དང་། ཀོང་ཞིའི་ལྷོ་ནུབ་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་བ་ནས་ཆར་འབྲིང་བར་འབབ་རྒྱུ་རེད།


མཉམ་སྤྱོད།