དེ་རིང་ནི2026ལོའི་ཟླ01པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2026-01-08 09:16:09   |   62

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཉེ་ཆར་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་སོགས་སྡེ་ཚན་བཞིས་མཉམ་དུ་ཡིག་ཆ་བཀྲམ་ནས་དཔྱིད་དུས་དང་སྟོན་དུས་གནས་སྐོར་སོགས་སྤེལ་ཏེ་ལས་བཟོའི་རིག་རྩལ་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁ་གསལ་བཏོན།

  • གྲངས་གཞི་ལས་མངོན་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་། རང་རྒྱལ་གྱི་སྦྲག་སྲིད་ལས་རིགས་ཀྱི་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི1.8བར་མཐོ་རུ་ཕྱིན་ནས་ལོ་རེའི་ཆ་སྙོམས་འཕར་ཚད10%ལྷག་ཙམ་ཟིན་ཡོད།

  • ཀྲུང་གོའི་ཟོག་འགྲེམ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2025ལོའི་ཟླ12པར་རང་རྒྱལ་གྱི་ཟོག་འགྲེམ་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས52.4%ཟིན་པ་དང་། ཟླ་རེར་བརྒྱ་ཆའི་གྲངས1.5འཕར་ཡོད། དར་རྒྱས་སྟོན་གྲངས་ལོ་ཧྲིལ་པོའི་མཐོ་ཤོས་སུ་སླེབས་ཡོད།

  • བཟོ་འཕྲིན་པུ་སོགས་སྡེ་ཚན་བརྒྱད་ཀྱིས་ཡིག་ཆ་བཀྲམ་ནས2027ལོར་སླེབས་སྐབས་རང་རྒྱལ་གྱི་མི་ཐབས་རིག་ནུས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་བདེ་འཇགས་དང་བློས་འགེལ་ཆོག་པའི་ངང་མཁོ་སྤྲོད་ཐུབ་པ་བྱེད་དགོས་ཞེས་བཏོན།

  • རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། 2025ལོའི་ཟླ12པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གི་གཞི་ཁྱོན་ཨ་སྒོར་དུང་ཕྱུར33579ཟིན་ཡོད།

  • ཚེས7ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གིས་སྐམ་ས་ཆེ་མོའི་ཕྱོགས་ཀྱི་གཏན་འབེབས་གཉིས་ཁྱབ་བསྒྲགས་བྱས་པ་སྟེ། དང་པོ། ལིའུ་ཧྲི་ཧྥང་དང་ཀྲེང་དབྱིན་ཡའོ་གཉིས་“ཐའེ་ཝན་རང་བཙན”གྱི་ངན་རེངས་པའི་གྲས་སུ་བརྩིས་ནས་ཁྲིམས་ལྟར་ཆད་གཅོད་བསླབ་འདོམས་བྱ་རྒྱུ། གཉིས་པ། ཁྲེན་ཧྲུའུ་དབྱི“ཐའེ་ཝན་རང་བཙན”གྱི་ལག་རོགས་གྲས་སུ་བརྩིས་ནས་ཁྲིམས་ལྟར་ཚེ་གང་འགན་འཁྲི་བདའ་འདེད་གཏོང་རྒྱུ།

1.jpg

  • སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རི་སྲིད་གཞུང་གིས་ཝེ་ནེ་ཙུའེ་ལར་ངེས་པར་དུ་ཀྲུང་གོ་དང་། ཨུ་རུ་སུ། དབྱི་རན། ཁུ་པ་བཅས་དང་དཔལ་འབྱོར་འབྲེལ་བ་གཅོད་དགོས་པའི་བླང་བྱ་བཏོན་པར་དམིགས་ཏེ། རང་རྒྱལ་གྱི་ཕྱི་འབྲེལ་པུས་ཝེ་ནེ་ཙུའེ་ལ་ནི་བདག་དབང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པས་རྒྱལ་ཁབ་དེ་གའི་རང་བྱུང་ཐོན་ཁུངས་དང་དཔལ་འབྱོར་བྱེད་སྒོ་མཐའ་དག་ལ་ཡུན་རིང་གི་བདག་དབང་ལྡན་ཡོད། ཝེ་ནེ་ཙུའེ་ལར་ཡོད་པའི་ཀྲུང་གོ་དང་རྒྱལ་ཁབ་གཞན་དག་གི་ཁྲིམས་མཐུན་ཁེ་དབང་ལ་ངེས་པར་དུ་སྲུང་སྐྱོང་བྱེད་དགོས་ཞེས་བཤད།

  • ཚེས6ཉིན་ཝེ་ནེ་ཙུའེ་ལའི་གནས་སྐབས་ཙུང་ཐུང་ཏེར་ཤིས·ལུའོ་ཏེ་ལི་ཀེ་སིས་རྒྱལ་ཁབ་དེས་ཨ་རིའི་དམག་དཔུང་གི་འཇབ་རྒོལ་ཁྲོད་རང་སྲོག་བློས་གཏོང་མཁན་ལ་དུས་ཡུན་ཉིན་བདུན་གྱི་མྱ་ངན་ཞུ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།

  • ཚེས6ཉིན་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁེ་སྐྱོང་སིས་ཨ་རིར་སྐྱོད་པའི་ཐོངས་མཆན་འགོད་པའི་རེ་འདུན་ཞུ་མཁན་གྱིས་ཨ་སྒོར་ཁྲི1.5ཡི་འགན་ལེན་དངུལ་སྤྲོད་དགོས་པའི་རྒྱལ་ཁབ་ཀྱི་མིང་ཐོ་དེ་རྒྱལ་ཁབ38བར་རྒྱ་ཆེར་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།

    སྤྱི་ཚོགས།

  • 2025ལོར་རང་རྒྱལ་གྱི་གྲོང་མིའི་བདེ་ཐང་བྱང་ཚད33.69%ཟིན་པ་དེ2024ལོ་ལས་བརྒྱ་ཆའི་གྲངས1.82མཐོ་རུ་ཕྱིན་ནས་མུ་མཐུད་བརྟན་པོའི་ངང་མཐོ་རུ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།

  • ཉེ་ཆར་སློབ་གསོ་པུས་སྐབས2026ལོའི་མཐར་ཕྱིན་སློབ་མའི“དགུན་གནང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད”སྤེལ་རྒྱུའི་བཀོད་སྒྲིག་བྱས་ཤིང་། གདན་ཞུ་དང་། གནས་གཏན་འཁེལ་གྱི་ཁེ་ལས་ལ་འཚམས་འདྲི། ལས་ཞུགས་མཛུབ་ཁྲིད། ལས་ཞུགས་དཀའ་ངལ་གྱི་རོགས་སྐྱོར། དངོས་སྦྱོང་གིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་ཁག་ལྔ་གཙོ་གནད་ཐོག་བཏོན་ཡོད།

  • རྒྱལ་ཡོངས་ཤེས་བྱའི་བདག་དབང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་རབས་གསར་པའི་ཚོང་རྟགས་ཞིབ་བཤེར་མ་ལག་བསྐྲུན་པ་དང་རྒྱལ་ནང་གི་གོ་ཆོད་ཚོང་རྟགས་ཐོ་འགོད་བྱེད་ཚད་ཁྲི5081.6ཟིན་ཡོད།

  • ཞིབ་དཔྱོད་ལས་ཁུངས་ཀྱིས་ཡུན་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ལི་ཝུན་རུང་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

  • ཀུའེ་ཀྲོའུ་ཞིང་ཨུའི་དེ་སྔའི་རྒྱུན་ཨུ་དང་། པི་ཅེ་གྲོང་ཨུའི་དེ་སྔའི་ཧྲུའུ་ཅི་ཝུའུ་ཧྲེང་ཧྭ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད།

  • ཞིང་ལས་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཚན་རིག་དང་མཐུན་པའི་ཚོད་རྩིས་བྱས་པ་བརྒྱུད། 2025ལོར་རང་རྒྱལ་གྱི་གྲོ་དང་། མ་རྨོས་ལོ་ཏོག ཆུ་འབྲས་བཅས་འབྲུ་རིགས་སྐྱེ་དངོས་ཆེ་གྲས་གསུམ་གྱི་རྫས་ལུད་སྤྱོད་ཚད43.3%ཟིན་པ་དེ2020ལོ་ལས་བརྒྱ་ཆའི་གྲངས3.1གིས་མཐོ་རུ་ཕྱིན་ཡོད།

  • 2025ལོར་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར20022གཏོང་མགོ་ཚུགས་པ་དང་། ལོ་འཁོར་གྱི་གཏོང་ཚད་ཐེངས་ཁྲི་གཉིས་ལས་ཐོག་མར་བརྒལ་བ་དང་དངོས་ཟོག་གི་རིན་ཐང་ཨ་སྒོར་དུང་ཕྱུར677ལས་བརྒལ་ཡོད།

2..jpg

  • ཧྲན་ཞི་ལུའེ་ལེའང་དུ“ལི་ཧྲི”ཞེས་པའི་ས་མིང་ཡོད་པའི་རྡོ་བརྐོས་ཤིག་ཐོག་མར་རྙེད་པ་དང་། དེས་ས་ཁུལ་དེའི་ཧན་རྒྱལ་རབས་ཀྱི་ཆབ་སྲིད་འཕོ་འགྱུར་དང་སྤྱི་ཚོགས་རིག་གནས་ལ་ཞིབ་འཇུག་བྱ་རྒྱུར་དངོས་པོའི་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད།

  • ཁྲུང་ཆིང་གི་བུད་མེད་གཉིས་ཀྱིས་སེམས་ཆུང་མ་བྱས་པར་ཟམ་པའི་ཐོག་ནས་ཆུ་ནང་དུ་ལྷུང་། ཉེན་ཁའི་དུས་སུ་གྲོང་མི་དབྱང་ཧའེ་པིང་ཆུར་མཆོང་ནས་སྐྱོབ་ཐབས་བྱས་ཤིང་། མཐར་སེམས་རྩ་འཁོལ་བའི་གྲོང་མི་དང་བདེ་སྲུང་རུ་ཁག་གི་རུ་མི་གཞན་དག་གི་རོགས་རམ་འོག་ཆུར་ལྷུང་བའི་བུད་མེད་གཉིས་སྨན་ཁང་དུ་བསྐྱལ།

    སྲིད་ཇུས།

  • 《དྲ་ཐོག་ཚོང་དོན་ཐད་གཏོང་གི་ལྟ་སྐུལ་དོ་དམ་བྱ་ཐབས》ནང་ལས་སྟེགས་གཉེར་སྐྱོང་མཁན་དང་། ཐད་གཏོང་ཁང་གཉེར་སྐྱོང་མཁན། ཐད་གཏོང་གཉེར་ཚོང་མི་སྣ། ཞབས་ཞུའི་སྒྲིག་གཞི་བཅས་ཀྱི་བྱེད་པོའི་འགན་འཁྲི་རིགས་བཞི་ཁ་གསལ་བཟོས་ནས་ཆ་འཕྲིན་ཞིབ་བཤེར་དང་། རིམ་དབྱེའི་དོ་དམ། ཁྲིམས་འགལ་བྱ་སྤྱོད་ཐག་གཅོད་སོགས་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་ཚོང་གཉེར་རྫུས་མ་དང་ཁྲིམས་འགལ་ཚོང་ཟོག་ཕྱིར་ཚོང་སོགས་གཏན་འགོག་བྱེད་དགོས་པའི་ཁྱབ་བསྒྲགས་བྱས།

  • 《དྲ་རྒྱའི་ཉོ་ཚོང་ལས་སྟེགས་ཀྱི་སྒྲིག་སྲོལ་ལྟ་སྐུལ་དོ་དམ་བྱ་ཐབས》ཁྱབ་བསྒྲགས་བྱས་ཤིང་། ལས་སྟེགས་ཀྱིས་ལས་སྟེགས་ཀྱི་སྒྲིག་སྲོལ་གཏན་འབེབས་དང་། བཟོ་བཅོས། ལག་བསྟར་བཅས་བྱེད་པའི་བརྒྱུད་རིམ་ནང་ཆ་འཕྲིན་ཡོངས་བསྒྲགས་དང་། ཡོངས་བསྒྲགས་བསམ་འཆར་བསྡུ་ལེན། ཁེ་དབང་ཞུ་འབུལ་གྱི་ཐབས་ལམ་བཀོད་སྒྲིག་སོགས་ཐད་ཀྱི་འོས་འགན་ལག་བསྟར་བྱེད་དགོས་པ་ཁ་གསལ་བཏོན།

  • བཟོ་འཕྲིན་པུས་ཡིག་ཆ་བཀྲམ་ནས2028ལོར་སླེབས་སྐབས་ཁེ་ལས་ཁྲི་ལྔ་ལས་མི་ཉུང་བ་ཞིག་གིས་བཟོ་ལས་དྲ་རྒྱ་གསར་པ་སྒྱུར་བཀོད་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན

    དེ་རིང་གི་གནམ་གཤིས།

3.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་། ཞིན་ཅང་བྱང་རྒྱུད་ཀྱི་ས་བབ་མཐོ་བའི་རི་ཁུལ། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ཤར་ལྷོའི་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་བྱང་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁངས་ཆུང་ནས་ཁངས་འབྲིང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། སི་ཁྲོན་གྱི་ལྷོ་རྒྱུད་དང་། ཀུའེ་ཀྲོའུ་ཡི་ལྷོ་ནུབ་རྒྱུད། ཡུན་ནན་གྱི་དབུས་ཤར་རྒྱུད་དང་ལྷོ་ནུབ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།