རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན་སྤྱི་བསྒྲགས། བཤེར་འབེབས། རྡོ་རྗེ་བྱམས།
བྱང་སྲིད་གཞུང་ལས་ཁང〔2022〕ཨང71པ།
རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོའི་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་དང་ལས་ཁུངས་སོ་སོར།
ཁུལ་སློབ་གསོ་ཅུ་ཡིས་གཏན་འབེབས་བྱས་པའི《མཚོ་བྱང་ཁུལ་གྱི་མཐོ་འཁྱག་ས་ཁུལ་དགེ་རྒན་གྱི་ཆེད་དོན་ཐེབས་རྩའི་དོ་དམ་བྱེད་ཐབས》2022ལོའི་ཟླ9ཚེས8ཉིན་ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས22པའི་ཐོག་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་བས། ད་ལྟ་དཔར་འགྲེམ་བྱ་རྒྱུ་ཡིན་པས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས།
མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།
2022ལོའི་ཟླ9ཚེས14ཉིན།
མཚོ་བྱང་ཁུལ་གྱི་མཐོ་འཁྱག་ས་ཁུལ་དགེ་རྒན་གྱི་ཆེད་དོན་ཐེབས་རྩ་དོ་དམ་བྱེད་ཐབས།
རྒྱ་ཆེའི་དགེ་རྒན་གྱི་ལས་གཅེས་ལས་བརྩོན་དང་། དཔེ་ཁྲིད་མི་སྐྱོང་གི་བྱ་བའི་སྤྲོ་སེམས་དང་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱ་ཆེད་དང་། མཐོ་འཁྱག་ས་ཁུལ་གྱི་དགེ་རྒན་གྱི་ཆེད་དོན་ཐེབས་རྩའི་མ་དངུལ་ལྷག་མ་སྤྱད་དེ་སློབ་གསོའི་བྱ་གཞག་ཁྲོད་དུ་བྱས་རྗེས་མངོན་གསལ་དོད་པོ་འབུལ་མཁན་གྱི་ཕུལ་བྱུང་དགེ་རྒན་དང་སློབ་གསོའི་བྱ་བ་ལས་མཁན་ལ་བྱ་དགའ་སྤྲོད་པ་དང་། ནད་དང་གནོད་འཚེའམ་ཡང་ན་ཁྱིམ་ཚང་གི་རྒྱུ་རྐྱེན་གྱིས་དཔལ་འབྱོར་དང་འཚོ་བར་དཀའ་ངལ་བཟོས་པའི་དགེ་རྒན་དང་ལས་བཟོ་བར་རོགས་སྐྱོབ་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགེ་རྒན་བཅའ་ཁྲིམས》གཞིར་བཟུང་ནས་རང་ཁུལ་གྱི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ་བྱེད་ཐབས་འདི་ཆེད་དུ་གཏན་འབེབས་བྱས་པ་ཡིན།
དོན་ཚན་དང་པོ། བྱེད་ཐབས་འདིའི་རོགས་སྐྱོབ་དང་བྱ་དགའ་སྤྲོད་ཡུལ་ནི་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་སློབ་གསོ་སློབ་ཁྲིད་ཀྱི་བྱ་བ་བྱེད་མཁན་དགེ་རྒན་དང་སློབ་གསོའི་བྱ་བ་ལས་མཁན་རྣམས་ཡིན། གཙོ་བོར། (1)ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཡོད་པའི་དགེ་རྒན་དང་ལས་བཟོ་པའི་རོགས་སྐྱོབ་དང་། (2)སློབ་གསོ་དང་སློབ་ཁྲིད་བྱ་བར་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་དགེ་རྒན་དང་སློབ་གསོའི་བྱ་བ་ལས་མཁན་ལ་བྱ་དགའ་སྤྲོད་རྒྱུ་ཡིན།
དོན་ཚན་གཉིས་པ། ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཡོད་པའི་དགེ་རྒན་དང་ལས་བཟོ་པའི་རོགས་སྐྱོབ།
(གཅིག)རོགས་སྐྱོབ་ཆ་རྐྱེན།
1.དགེ་རྒན་གྱི་ཁྱིམ་ཚང་ལ་ཐོལ་བྱུང་དོན་རྐྱེན་བྱུང་ནས་ཁྱིམ་ཚང་ལ་དཀའ་ངལ་བཟོས་རིགས།
2.དགེ་རྒན་ལ་ནད་གཞི་ཚབས་ཆེན་བྱུང་ནས་དཔལ་འབྱོར་དང་འཚོ་བར་དཀའ་ངལ་བཟོས་རིགས།
3.ཁེར་འདུག་ལས་བཟོ་པའི་ཁྱིམ་ཚང་ནང་གི་བུ་ཕྲུག2ཡན་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་ཡོད་པ་ལ་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་རིགས།
(གཉིས།)ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ།
ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་གོང་གསལ་གྱི་རོགས་སྐྱོབ་ཆ་རྐྱེན་གྱི་གྲས་ཤིག་ཏུ་སླེབས་པའི་རིམ་པ་སོ་སོ་དང་རིགས་སྣ་ཚོགས་ཀྱི་སློབ་གྲྭའི་དགེ་རྒན་དང་ལས་བཟོ་བས་རང་མོས་ངང་ཡིག་ཐོག་གི་རེ་ཞུ་དང་དཔང་རྟགས་ཀྱི་དཔྱད་གཞི། 《མཚོ་བྱང་ཁུལ་དགེ་རྒན་གྱི་ཆེད་དོན་ཐེབས་རྩའི་རེ་ཞུའི་རེའུ་མིག》བཅས་དཔར་གྲངས་ཆ་གསུམ་སྤྲོད་དགོས་པ་དང་། སློབ་གྲྭ་དང་རྫོང་སློབ་གསོ་ཅུའི་ཏང་རྩ་འཛུགས་དང་ཁུལ་སློབ་གསོ་ཅུའི་ཏང་ཙུའུ་ཡིས་རིམ་པ་བཞིན་ཞིབ་འཇུག་ཞིབ་བཤེར་བྱས་རྗེས། ཁུལ་སློབ་གསོ་ཅུའི་མཚོ་བྱང་ཁུལ་མཐོ་འཁྱག་ས་ཁུལ་གྱི་དགེ་རྒན་ཆེད་དོན་ཐེབས་རྩ་དོ་དམ་མགོ་ཁྲིད་ཚན་ཆུང་གིས་གཅིག་གྱུར་ཐོག་ཞིབ་བཤེར་བྱས་ནས་རོགས་སྐྱོབ་བྱེད་དགོས།
དཀའ་ངལ་ཡོད་པའི་དགེ་རྒན་དང་ལས་བཟོའི་རོགས་སྐྱོབ་ལས་དོན་འདྲ་མཉམ་དང་དྲང་གཞག ཡོངས་བསྒྲགས་བཅས་ཡོང་ཆེད། རེ་ཞུའི་ཞིབ་བཤེར་ལས་དོན་ཐད“ཞིབ་བཤེར་གསུམ་དང་ཡོངས་བསྒྲགས་གསུམ”གྱི་ལམ་ལུགས་ལག་བསྟར་བྱེད་པ་དང་། སློབ་གྲྭ་དང་རྫོང་། ཁུལ་བཅས་རིམ་པ་གསུམ་གྱིས་རིམ་པ་བཞིན་ཞིབ་བཤེར་གྱི་འགག་སྒོ་སྲུང་བ་དང་ཡོངས་བསྒྲགས་གཏན་ཁེལ་བྱེད་དགོས་ལ། རིམ་པ་རེ་རེའི་ཡོངས་བསྒྲགས་བྱེད་ཡུན་ལས་ཀའི་ཉིན7ལས་མི་ཉུང་བ་ཡིན་དགོས།
1.ཐོག་མའི་འདྲི་གཅོད་ཡོངས་བསྒྲགས་བྱེད་པ། དགེ་རྒན་དང་ལས་བཟོ་པས་སྤྲད་པའི་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་དེ་སློབ་གྲྭའི་ཏང་རྩ་འཛུགས་ཀྱིས་ཐོག་མའི་ཞིབ་བཤེར་དང་ཡོངས་བསྒྲགས་བྱས་ནས་བསམ་འཆར་མི་མཐུན་པ་མེད་ན། ད་གཟོད་སློབ་གྲྭའི་འགན་ཁུར་པས་ཞིབ་བཤེར་བསམ་འཆར་ལ་མིང་རྟགས་འགོད་རྒྱུ་མ་ཟད། གཞུང་ཐེལ་བརྒྱབ་རྗེས་རྫོང་སློབ་གསོ་ཅུའི་ཏང་རྩ་འཛུགས་ལ་བསྐྱར་ཞིབ་བྱེད་པར་འབུལ་དགོས། ནད་གཞི་ཚབས་ཆེན་ཕོག་པའི་རོགས་སྐྱོབ་དགེ་རྒན་གྱིས་ངེས་པར་དུ་རྫོང་རིམ་པ་ཡན་གྱི་སྨན་ཁང་གི་ནད་དཔྱད་དཔང་ཡིག་དང་ལོ་དེའི་སྨན་བཅོས་འགྲོ་གྲོན་གྱི་འཛིན་ཤོག་གལ་ཆེན་མཁོ་འདོན་བྱེད་དགོས།
2.བསྐྱར་ཞིབ་བསྐྱར་བསྒྲགས་བྱེད་དགོས། རྫོང་སོ་སོའི་སློབ་གསོ་ཅུའི་ཏང་རྩ་འཛུགས་ཀྱིས་ཆེད་དོན་གྲོས་ཚོགས་འཚོགས་ནས། རྫོང་ཁོངས་གཏོགས་ཀྱི་སློབ་གྲྭས་ཐེབས་རྩ་རེ་ཞུ་བྱས་པའི་དགེ་རྒན་དང་ལས་བཟོ་པའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་བསྐྱར་ཞིབ་བྱས་ཏེ་རེ་འདུན་ཞུ་ཡིག་དང་། རེ་ཞུའི་རེའུ་མིག་དཔང་རྟགས་དཔྱད་ཡིག་བཅས་ལས་མཚོན་པའི་དོན་ཚན་རེ་རེ་བཞིན་ཞིབ་བཤེར་བྱེད་དགོས་ལ། ཞིབ་དཔྱད་བསྡུར་བཤེར་བྱས་པ་བརྒྱུད་བསམ་འཆར་མི་མཐུན་པ་མེད་པ་གཏན་ཁེལ་བྱས་རྗེས། རྫོང་སོ་སོའི་སློབ་གསོ་ཅུའི་འགན་ཁུར་བ་གཙོ་བོ་དང་སྲིད་གཞུང་གི་གཙོ་འགན་ཁུར་མཁན་གྱི་མགོ་ཁྲིད་ཀྱིས་མིང་རྟགས་འགོད་པ་དང་ཐམ་ཀ་བརྒྱབ་རྗེས་མཚོ་བྱང་ཁུལ་སློབ་གསོ་ཅུའི་ཏང་ཙུའུ་ལ་ཞིབ་བཤེར་བསྐྱར་ཞིབ་བྱ་རྒྱུར་འབུལ་དགོས། ཁུལ་ཐད་གཏོགས་སློབ་གྲྭའི་དགེ་རྒན་དང་ལས་བཟོའི་རེ་ཞུའི་དཔྱད་ཡིག་དེ་སློབ་གྲྭའི་ཏང་རྩ་འཛུགས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་རྗེས་ཁུལ་སློབ་གསོ་ཅུ་ལ་བསྐྱར་ཞིབ་བྱ་རྒྱུར་འབུལ་དགོས།
3.མཐའ་མའི་འདྲི་གཅོད་ཡོངས་བསྒྲགས་བྱེད་དགོས། མཚོ་བྱང་ཁུལ་སློབ་གསོ་ཅུའི་ཏང་ཙུའུ་ཡིས་ཆེད་དོན་གྲོས་ཚོགས་འཚོགས་ནས་ཁུལ་ཡོངས་ཀྱི་རོགས་སྐྱོབ་ཐེབས་རྩ་རེ་ཞུ་བྱེད་མཁན་གྱི་དགེ་རྒན་དང་ལས་བཟོ་བར་གཅིག་གྱུར་ཐོག་ཞིབ་དཔྱད་བྱེད་པ་དང་ཡོངས་བསྒྲགས་བྱས་པ་བརྒྱུད། བསམ་འཆར་མི་འདྲ་བ་མེད་ན་མཚོ་བྱང་ཁུལ་སློབ་གསོ་ཅུ་ཡིས་མཚོ་བྱང་ཁུལ་མཐོ་འཁྱག་ས་ཁུལ་གྱི་དགེ་རྒན་ཆེད་དོན་ཐེབས་རྩ་དོ་དམ་མགོ་ཁྲིད་ཚན་ཆུང་ལ་ཞིབ་འཇུག་དང་བཤེར་མཆན་འགོད་རྒྱུའི་སྙན་སེང་ཞུ་དགོས།
(གསུམ།)རོགས་སྐྱོབ་ཚད་གཞི།
འཚོ་བར་དཀའ་ངལ་ཡོད་པའི་དགེ་རྒན་དང་ལས་བཟོ་བའི་རོགས་སྐྱོབ་ཀྱི་རེ་ཞུ་གཞིར་བཟུང་ནས། མཚོ་བྱང་ཁུལ་གྱི་མཐོ་འཁྱག་ས་ཁུལ་གྱི་དགེ་རྒན་ཆེད་དོན་ཐེབས་རྩ་དོ་དམ་མགོ་ཁྲིད་ཚན་ཆུང་གིས་རོགས་སྐྱོབ་དངུལ་གྲངས་ལ་ཞིབ་དཔྱད་དང་ཞིབ་འཇུག་གཏན་ཁེལ་བྱས་ནས་རོགས་སྐྱོབ་ཐེབས་རྩ་ཐེངས་གཅིག་ལ་སྤྲོད་དགོས། རོགས་སྐྱོབ་མ་དངུལ་དམའ་ཤོས་སྒོར3000ཡིན་པ་དང་མང་ཤོས་སྒོར10000ལས་བརྒལ་མི་རུང་བ་དང་། དགེ་རྒན་དང་ལས་བཟོ་བར་རོགས་སྐྱོབ་ཐོབ་པའི་ལོ་གསུམ་གྱི་ནང་དུ་བསྐྱར་དུ་རེ་ཞུ་བྱེད་མི་ཆོག
(བཞི།) གཤམ་གྱི་གནས་ཚུལ་ལས་རིགས་གཅིག་བྱུང་ན་རོགས་སྐྱོབ་མི་ཐོབ།
1.བཅའ་ཁྲིམས་ཁྲིམས་སྲོལ་དང་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་ཀྱི་ཚད་གཞི་དང་འགལ་བའི་དགེ་རྒན་དང་ལས་བཟོ་པ།
2.ལོ་དེའི་ཕན་ནུས་ལྡན་པའི་སྨན་བཅོས་འཛིན་ཡིག་གམ་ཡང་ན་ནད་དཔྱད་དཔང་ཡིག་འདོན་སྤྲོད་བྱེད་མི་ཐུབ་པ།
དོན་ཚན་གསུམ་པ། ཕུལ་བྱུང་དགེ་རྒན་དང་སློབ་གསོའི་བྱ་བ་ལས་མཁན་ཕུལ་བྱུང་ཅན་ལ་བྱ་དགའ་སྤྲོད་པ།
(གཅིག) བྱ་དགའ་སྤྲོད་པའི་ཁྱབ་ཁོངས།
ལོ་དེར་ཁུལ་ཨུ་དང་ཁུལ་སྲིད་གཞུང་དང་དེ་བཞིན་ཁུལ་སློབ་གསོ་ཅུ་ཡིས་གཟེངས་བསྟོད་བྱས་པའི་ཕུལ་བྱུང་དགེ་རྒན་དང་། ཕུལ་བྱུང་འཛིན་བདག ཕུལ་བྱུང་སློབ་གཙོ། ཕུལ་བྱུང་སློབ་གསོའི་ལས་དོན་པ། ཁྲིད་མཁས་ཅན། དགེ་རྒན་གྱི་ཀུན་སྤྱོད་མིག་དཔེ་སོགས་གཟི་བརྗིད་མཚན་སྙན་ཐོབ་མཁན་བཅས་ཡིན།
(གཉིས།) བྱ་དགའ་སྤྲོད་པའི་ཚད་གཞི།
ཞིབ་ཕྲའི་བྱ་དགའི་དངུལ་དང་གྲངས་འབོར་དེ་ཁུལ་མཐོ་འཁྱག་ས་ཁུལ་གྱི་དགེ་རྒན་ཆེད་དོན་ཐེབས་རྩ་དོ་དམ་མགོ་ཁྲིད་ཚན་ཆུང་གིས་ཞིབ་འཇུག་བྱས་ནས་གཏན་ཁེལ་བྱེད་དགོས་ལ། བྱ་དགའི་དངུལ་གྲངས་དམའ་ཤོས་སྒོར1000ཡིན་པ་དང་མཐོ་ཤོས་སྒོར3000ལས་བརྒལ་མི་ཆོག
དོན་ཚན་བཞི་བ། ཐེབས་རྩ་འགྲེམ་གཏོང་།
མཚོ་བྱང་ཁུལ་གྱི་མཐོ་འཁྱག་ས་ཁུལ་དགེ་རྒན་གྱི་ཆེད་དོན་ཐེབས་རྩས་ལོ་ལྟར་འཚོ་བར་དཀའ་ངལ་ཡོད་པའི་དགེ་རྒན་ལ་གཅིག་སྡུད་ཐོག་ཞིབ་བཤེར་ཆོག་མཆན་སྤྲད་ནས་རོགས་སྐྱོབ་ཐེངས་རེ་བྱེད་རྒྱུ་དང་། ཕུལ་བྱུང་དགེ་རྒན་དང་སློབ་གསོའི་ལས་དོན་པར་བྱ་དགའ་སྤྲོད་རྒྱུ་དེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སློབ་གསོ་ཅུའི་དངོས་ཡོད་གཟེངས་བསྟོད་ཀྱི་གནས་ཚུལ་ལ་གཞིགས་ནས་སྤྲོད་དགོས། ཐེབས་རྩ་འགྲེམ་གཏོང་བྱེད་པ་དེ་མ་དངུལ་ལྷག་མ་བེད་སྤྱོད་བྱེད་ཚར་རག་བར་དུ་ཡིན། རོགས་སྐྱོབ་དང་བྱ་དགའ་དེ་དངུལ་སྨར་གྱི་རྣམ་པའི་ཐོག་ནས་རོགས་སྐྱོར་བྱ་ཡུལ་གྱི་དགེ་རྒན་དང་ལས་བཟོ་པ། བྱ་དགའ་ཐོབ་པའི་དགེ་རྒན་དང་དེ་བཞིན་སློབ་གསོའི་ལས་དོན་པར་ཐེངས་གཅིག་ལ་སྤྲོད་དགོས།
དོན་ཚན་ལྔ་བ། ཐེབས་རྩ་དོ་དམ་དང་ལྟ་སྐུལ།
1.ཐེབས་རྩ་བདེ་འཇགས་དང་ནུས་ལྡན་ངང་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་བྱེད་ཆེད། ཁུལ་མི་དམངས་སྲིད་གཞུང་གི་ལས་བགོས་འགན་གཉེར་ཁུལ་དཔོན་གཞོན་པས་ཚན་གཙོའི་འགན་ཁུར་བ་དང་། དམངས་ཆེན་དང་སྲིད་གྲོས། སློབ་གསོ། འཕེལ་བཅོས་ཨུ། རྩིས་བཤེར། ནོར་སྲིད་སོགས་སྡེ་ཁག་གི་འགན་ཁུར་བ་ཁོངས་མི་ཡིན་པའི་མཚོ་བྱང་ཁུལ་གྱི་མཐོ་འཁྱག་ས་ཁུལ་དགེ་རྒན་གྱི་ཆེད་དོན་ཐེབས་རྩ་དོ་དམ་མགོ་ཁྲིད་ཚན་ཆུང་བཙུགས་ཡོད།
2.མཚོ་བྱང་ཁུལ་གྱི་མཐོ་འཁྱག་ས་ཁུལ་དགེ་རྒན་གྱི་ཆེད་དོན་ཐེབས་རྩ་ནི་ཁུལ་སློབ་གསོ་ཅུ་རུ་ཐེབས་རྩའི་ཆེད་སྤྱོད་རྩིས་ཁྲ་བཟོས་ནས། ཐེབས་རྩ་དོ་དམ་དང་བེད་སྤྱོད་ཐད་ཆེད་དོན་དོ་དམ་དང་ཆེད་དངུལ་ཆེད་སྤྱོད་བྱེད་དགོས།
དོན་ཚན་དྲུག་པ། ཡིག་ཚགས་དོ་དམ།
མཚོ་བྱང་ཁུལ་གྱི་མཐོ་འཁྱག་ས་ཁུལ་དགེ་རྒན་གྱི་ཆེད་དོན་ཐེབས་རྩ་དོ་དམ་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་རོགས་སྐྱོབ་རེ་ཞུ་བསྡུ་རུབ་བྱེད་པ་དང་། དོ་དམ། ཞིབ་བཤེར་མཆན་འགོད་བཀའ་ལན་བཅས་ཀྱི་ཞིབ་ཕྲའི་འགན་ཁུར་རྒྱུ་དང་། རོགས་སྐྱོབ་མ་དངུལ་གཏོང་སྤྲོད་དང་བྱ་དགའི་མི་སྣའི་རེའུ་མིག་དང་མ་དངུལ་གཏོང་སྤྲོད་སོགས་འབྲེལ་ཡོད་དཔྱད་ཡིག་བསྡུ་དགོས། ཁུལ་སློབ་གསོ་ཅུ་ཡིས་མ་དངུལ་རེ་ཞུ་དང་། དངུལ་གྱི་རེའུ་མིག་ཞིབ་འགོད། འཛིན་ཤོག་སོགས་དཔྱད་གཞི་ལེགས་སྒྲིག་རིགས་དབྱེ་དང་ཚད་ལྡན་ཡིག་ཚགས་སུ་ཉར་རྒྱུའི་འགན་ཁུར་ནས་རྩིས་བཤེར་དང་། སྒྲིག་ཨུ། ནོར་སྲིད་སོགས་སྡེ་ཁག་གི་ལྟ་སྐུལ་དང་ལེན་བྱེད་དགོས།
དོན་ཚན་བདུན་པ། བྱེད་ཐབས་འདི་མཚོ་བྱང་ཁུལ་གྱི་མཐོ་འཁྱག་ས་ཁུལ་དགེ་རྒན་གྱི་ཆེད་དོན་ཐེབས་རྩ་དོ་དམ་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་འགྲེལ་བཤད་རྒྱག་འགན་ཁུར་དགོས།
དོན་ཚན་བརྒྱད་པ། 《བྱེད་ཐབས》འདི2022ལོའི་ཟླ10ཚེས15ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་དང་གོ་ཆོད་དུས་ཚོད་ལོ5ཡིན་ལ། 2027ལོའི་ཟླ10ཚེས14ཉིན་བར་ཡིན།