མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ03ཚེས28ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི་ཚོང་འགུག་མ་འདྲེན་གྱི་སྐུལ་ལྕག་བྱེད་ཐབས》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

2023-05-25 08:34:12   |   2489

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་སྲིད་དོན་སྤྱི་བསྒྲགས། བཤེར་འབེབས། རྡོ་རྗེ་བྱམས།


བྱང་སྲིད་ཁང〔2022〕ཨང103པ།

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར།  ཁུལ་སྲིད་གཞུང་གི་སྡེ་ཁག་དང་ལས་ཁུངས་སོ་སོར།

《མཚོ་བྱང་ཁུལ་གྱི་ཚོང་འགུག་མ་འདྲེན་གྱི་སྐུལ་ལྕག་བྱེད་ཐབས》ལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཞིབ་འཇུག་བྱེད་པ་བརྒྱུད་ནས་གྲོས་འཆམ་བྱུང་བས།  ད་ལྟ་ཁྱེད་ཚོར་དཔར་འགྲེམ་བྱས་པ་ཡིན་པས།  དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།

2022ལོའི་ཟླ12ཚེས7ཉིན།

མཚོ་བྱང་ཁུལ་གྱི་ཚོང་འགུག་མ་འདྲེན་གྱི་སྐུལ་ལྕག་བྱེད་ཐབས།

ལེའུ་དང་པོ།  སྤྱིའི་དོན་ཚན།

དོན་ཚན་དང་པོ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། ཐོན་ལས“ས་ཁུལ་བཞི”འཛུགས་སྐྲུན་བྱེད་རྒྱུ་གཙོ་གནད་དུ་འཛིན་པ། “243”འཕེལ་རྒྱས་ཀྱི་ཆགས་སྟངས་ལག་བསྟར་གཏིང་ཟབ་བྱེད་པ། ཚོང་འགུག་མ་འདྲེན་གྱི་སྐུལ་ལྕག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མ་འཇོག་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་སྐྱེད་སྲིང་བྱས་ནས་ཐོན་ལས་རྣམ་སྒྱུར་རིམ་སྤོར་ལ་སྐུལ་སྤེལ་བཏང་སྟེ། ལྗང་མདོག་ཐཱན་ཉུང་གི་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་བཏོད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱེད་ཐབས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། བྱེད་ཐབས་འདི་མཚོ་སྔོན་ཞིང་ཆེན་ཐོན་ལས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་དཀར་ཆག་ནང་གི་སྐུལ་ལྕག་གི་རིགས་དང་མཚོ་བྱང་ཁུལ་གྱི“ལྔ་བཅུ་བཞིའི”འཆར་འགོད་དང་མཐུན་པའི་གཙོ་གནད་ཚོང་འགུག་མ་འདྲེན་རྣམ་གྲངས་ལ་སྤྱོད་ཆོག་པ་ཡིན། ས་ཁང་བདག་ཁོངས་གསར་སྤེལ་དང་། ཆུ། འོད། རླུང་སོགས་ཐོན་ཁུངས་རང་བཞིན་གྱི་གསར་སྤེལ་རྣམ་གྲངས་སུ་སྤྱོད་མི་ཆོག སྐུལ་ལྕག་བྱེད་པའི་ཁྱབ་ཁོངས་སུ་མཚོ་བྱང་ཁུལ་གྱི་རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་དང་བྱ་ལས་ལས་ཁུངས། དེ་བཞིན་ཁོངས་གཏོགས་རྒྱལ་དབང་ཁེ་ལས་སོགས་ལས་ཁུངས་དང་ཁོངས་གནས་སུ་ཡོད་པའི་མི་སྣ་མི་ཚུད་པ་ཡིན།

དོན་ཚན་གསུམ་པ། བྱེད་ཐབས་འདིའི་ནང་བསྟན་པའི་ཚོང་འགུག་མ་འདྲེན་གྱི་ཆེད་སྤྱོད་མ་དངུལ(གཤམ་དུ“ཆེད་སྤྱོད་མ་དངུལ”ཞེས་བསྡུས་ཡོད)ཞེས་པ་ནི་ཁུལ་དང་རྫོང་གི་ནོར་སྲིད་སྔོན་རྩིས་བཀོད་སྒྲིག་བྱས་ཏེ། ཚོང་འགུག་མ་འདྲེན་དང་དེ་བཞིན་མ་འཇོག་སྐུལ་སྤེལ་ལས་དོན་ལ་སྤྱོད་པའི་ཆེད་སྤྱོད་མ་དངུལ་ཡིན།

དོན་ཚན་བཞི་བ། བྱེད་ཐབས་འདི་བདེ་བླག་ངང་ནང་འདྲེན་བྱེད་པ་མ་ཟད་འཛུགས་སྐྲུན་བྱེད་བཞིན་ཡོད་པའི་རྣམ་གྲངས་གལ་ཆེན་ནམ་ཡང་ན་མ་འཇོག་བྱེད་མཁན་གྱིས་མཚོ་བྱང་ཁུལ་གྱི་མངའ་ཁོངས་སུ་ཐོ་འགོད་དང་། འཛུགས་སྐྲུན། གཉེར་སྐྱོང་། ཁྲལ་འཇལ་བཅས་བྱེད་པའི་ཚོང་འགུག་མ་འདྲེན་གྱི་ཐོན་ལས་རྣམ་གྲངས་སུ་སྤྱོད་དགོས།

དོན་ཚན་ལྔ་བ།  མ་འཇོག་གི་སྐུལ་ཁྲིད་ནུས་པ་ཆེ་བ་དང་། ཚན་རྩལ་འདུས་ཚད་མཐོ་བ། དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་ཆེ་བ། ཐོན་ལས་ཀྱི་སྣེ་ཁྲིད་ནུས་པ་ཆེ་བ་བཅས་ཀྱི་རྣམ་གྲངས་གལ་ཆེན་ལ་ཁུལ་ནང་ཁུལ་གྱི་ཐོན་ཁུངས་ཡག་པོ་སྔོན་ལ་བཀོད་སྒྲིག་བྱས་ནས། “ཁེ་ལས་རེར་སྲིད་ཇུས་རེར་དང་དོན་རེར་གྲོས་རེ”བྱེད་པ་ལག་བསྟར་བྱེད་དགོས།

དོན་ཚན་དྲུག་པ། བྱེད་ཐབས་འདིའི་ནང་གི་ཚོང་འགུག་མ་འདྲེན་རྣམ་གྲངས་ཀྱི་མ་འཇོག་ལེགས་སྒྲུབ་ཀྱི་ཚད་གཞི་ནི། མཚོ་བྱང་ཁུལ་དུ་རང་ཚུགས་ཁྲིམས་མིའི་ལས་ཁུངས་པ་ཐོ་འགོད་བྱས་པ་དང་།  མ་དངུལ་དངོས་སུ་འབྱོར་ཚད་དང་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ལེགས་སྒྲུབ་བྱས་པ་མ་ཟད་ཐོན་སྐྱེད་གཉེར་སྐྱོང་བྱེད་མགོ་ཚུགས་པ་དེ་ཡིན་ཞིང་། མ་དངུལ་བཏང་བའི་ནང་སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པའི་ཆེད་དོན་སྲིད་ཇུས་རང་བཞིན་གྱི་མ་དངུལ་མི་ཚུད་པ་ཡིན།

ལེའུ་གཉིས་པ།  ནོར་སྲིད་ཀྱི་རོགས་སྐྱོར།

དོན་ཚན་བདུན་པ། ཁུལ་དང་རྫོང་ནོར་སྲིད་ཀྱིས་ལོ་རེར་ཚོང་འགུག་མ་འདྲེན་གྱི་དོན་དངོས་ལ་གཞིགས་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་གྲངས་ཚད་ངེས་ཅན་བཀོད་སྒྲིག་བྱས་ཏེ། ཚོང་འགུག་མ་འདྲེན་གྱི་རྣམ་གྲངས་ལ་སྐུལ་ལྕག་དང་། མ་གཏོང་ཁ་གསབ། ལག་རྩལ་གསར་གཏོད། ཤེས་ལྡན་པ་ནང་འདྲེན་སོགས་ལ་རྒྱབ་སྐྱོར་བྱས་ནས། ཁྲོམ་རའི་གྲུབ་ཆ་གཙོ་བོ་ཕན་ཚུན་འགྲན་རྩོད་ངང་འཕེལ་རྒྱས་དང་། ཧུར་ཐག་གིས་ཚོང་འགུག་མ་འདྲེན་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ། ཁྱད་ལྡན་ཐོན་ལས་གཅིག་སྡུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་ངང་བསྐྲུན་དགོས།

ཞིབ་བཤེར་གཏན་འབེབས་བྱས་ཡོད་པའི་སྐུལ་ལྕག་དངུལ་གྲངས་དེ་ནོར་སྲིད་དོ་དམ་གྱི་སྒྲིག་སྲོལ་དང་ཁྲལ་ཁུངས་གྲུབ་ཆའི་གནས་ཚུལ་ལ་ཟུང་འབྲེལ་བྱས་ཏེ། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ནོར་སྲིད་ཀྱིས2::8ཀྱི་བསྡུར་ཚད་ལྟར་རིམ་པ་དབྱེ་བའི་འགན་ཁུར་ནས་སྐུལ་ལྕག་གཏོང་དགོས།   ཁུལ་རིམ་པའི་སྐུལ་ལྕག་མ་དངུལ་ནི་ཁུལ་རིམ་པའི་ཐོན་ལས་འཕེལ་རྒྱས་རོགས་སྐྱོར་ཆེད་དོན་མ་དངུལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་དགོས་ལ། རྫོང་རིམ་པའི་སྐུལ་ལྕག་མ་དངུལ་དེ་རྫོང་སོ་སོས་འཁུར་འོས་པའི་བསྡུར་ཚད་ལྟར་གཅིག་གྱུར་གྱིས་སྐུལ་ལྕག་མ་དངུལ་བཀོད་སྒྲིག་བྱེད་དགོས།

དོན་ཚན་བརྒྱད་པ། གན་འཇོག་དངུལ་འབོར་སྒོར་དུང་ཕྱུར1ཡན(སྒོར་དུང་ཕྱུར1དེའི་ནང་ཚུད་ཡོད)ལོ་དེར་དོན་འཁྱོལ་བྱེད་པ་མ་ཟད། མ་འཇོག་བྱེད་ཚད80%ཡན་ཟིན་པའི་རྣམ་གྲངས་ལ་ཐེངས་གཅིག་གིས་སྒོར་ཁྲི30ཡི་ཕུལ་བྱུང་རྣམ་གྲངས་ཀྱི་སྐུལ་ལྕག་གཏོང་དགོས།

དོན་ཚན་དགུ་བ། ལོ་དེར་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར0.5ནས་དུང་ཕྱུར1བར་དང་། སྒོར་དུང་ཕྱུར1ནས་དུང་ཕྱུར3བར། སྒོར་དུང་ཕྱུར3ཡན་བཏང་བའི་གསར་དུ་བསྣན་པའི་རྣམ་གྲངས་ལ། སླད་ཕྱིན་ཁ་གསབ་བམ་ཡང་ན་སྐྱེད་གསབ་ཀྱི་ཐབས་ཤེས་སྤྱད་ནས་སོ་སོར་སྒོར་ཁྲི10དང་། ཁྲི20དང་ཁྲི30བཅས་ཀྱི་མ་དངུལ་གྱི་རྒྱབ་སྐྱོར་བྱེད་རྒྱུ་དང་། འཆར་འགོད་སྲིད་ཇུས་ཀྱི་ཆ་རྐྱེན་ལ་གཞིགས་ནས་རྒྱལ་ཁབ་བམ་ཡང་ན་ཞིང་ཆེན་རིམ་པའི་གཙོ་གནད་རོགས་སྐྱོར་བྱ་ཡུལ་ནང་འཇོག་དགོས། ལོ་དེར་གསར་དུ་བསྣན་པའི་དངུལ་བུན་གྱི་སྐྱེད་ཀ་ལ་དུས་མཉམ་གྱི་མི་དམངས་དངུལ་ཁང་གི་གཞི་རྩའི་སྐྱེད་ཀའི་ཚད་ལྟར་གྲངས་ཚད་ངེས་ཅན་གྱི་སྐྱེད་ཀ་སྤྲོད་དགོས།

དོན་ཚན་བཅུ་བ།  དུས་བཅད་ལྟར་འཛུགས་སྐྲུན་ལས་མགོ་བཙུགས་པ་མ་ཟད། ཐོན་སྐྱེད་བྱེད་མགོ་ཚུགས་པའི་ཕན་འབྲས་ཐོན་པའི་གན་རྒྱ་བཞག་པའི་རྣམ་གྲངས་ལ། རྣམ་གྲངས་ཀྱི་སྔོན་གྲབས་ལས་ཀར་སྐུལ་ལྕག་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་དགོས། རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར0.5ནས་དུང་ཕྱུར1བར་དང་།  སྒོར་དུང་ཕྱུར1ནས་དུང་ཕྱུར3བར།  སྒོར་དུང་ཕྱུར3ཡན་བཏང་བ་བཅས་ལ་སོ་སོར་སྒོར་ཁྲི5དང་།  ཁྲི10དང་ཁྲི15ཡི་སྐུལ་ལྕག་གཏོང་དགོས།

དོན་ཚན་བཅུ་གཅིག་པ། གསར་དུ་ངོས་འཛིན་བྱས་པའི་ལག་རྩལ་མཐོ་ལ་གསར་བའི་ཁེ་ལས་ལ་ཐེངས་གཅིག་གིས་སྐུལ་ལྕག་སྒོར་ཁྲི20སྟེར་རྒྱུ་དང་། ལག་རྩལ་མཐོ་ལ་གསར་བའི་ཁེ་ལས་ཁྲོད་རིམ་སྤར་བྱས་ནས“ཞིང་ཆེན་རིམ་པའི་ཚན་རྩལ་གྲུབ་འབྲས་ལེགས་པའི་ཁེ་ལས”ཡིན་པར་ངོས་འཛིན་བྱས་པའི་ཁེ་ལས་ཀྱིས་ཞིང་ཆེན་རིམ་པའི་སྐུལ་ལྕག་མ་དངུལ་ཧུར་ཐག་གིས་བརྩོན་ལེན་བྱེད་དགོས་པ་མ་ཟད། ཉེན་ཁའི་ཁ་གསབ་དང་། ཤེས་ལྡན་མི་སྣ་ནང་འདྲེན་གསོ་སྐྱོང་། ས་ཆ་མཁོ་འདོན། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་སོགས་ཀྱི་ཐད་སྲིད་ཇུས་ཀྱི་གཟིགས་སྐྱོང་བྱེད་དགོས།

དོན་ཚན་བཅུ་གཉིས་པ། ཀྲུང་གོའི་ཆེད་ཁེའི་གསེར་གྱི་བྱ་དགའ་དང་། དངུལ་གྱི་བྱ་དགའ། ཕུལ་བྱུང་བྱ་དགའ་བཅས་ཐོབ་པའི་ཆེད་ཁེ་ལ་རིམ་པ་བཞིན་ཐེངས་གཅིག་ལྟར་གྱི་སྐུལ་ལྕག་སྒོར་ཁྲི10དང་། ཁྲི8དང་ཁྲི5སྤྲོད་དགོས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཆེད་ཁེའི་གསེར་གྱི་བྱ་དགའ་དང་དངུལ་གྱི་བྱ་དགའ་ཐོབ་པའི་ཆེད་ཁེ་ལ་རིམ་པ་བཞིན་ཐེངས་གཅིག་ལྟར་གྱི་སྐུལ་ལྕག་སྒོར་ཁྲི6དང་ཁྲི3སྟེར་དགོས། གསར་གཏོད་ཀྱི་ཆེད་ཁེའི་ལག་རྩལ་དང་ལག་རྩལ་སྙིང་བོ་ཉོ་སྒྲུབ་བྱས་ནས་ཐོན་ལས་ཅན་གྱི་ཐོན་སྐྱེད་བྱས་པ་མ་ཟད། ཕན་འབྲས་དངོས་ཐོབ་པའི་རྣམ་གྲངས་ལ་ཁེ་ལས་ཀྱིས་ཆེད་ཁེ་ཉོ་སྒྲུབ་བྱས་པའི་འགྲོ་གྲོན་གྱི5%ལྟར་ཆེས་མཐོ་ཤོས་ལ་སྒོར་ཁྲི20ལས་མི་བརྒལ་བའི་ཁ་གསབ་སྤྲོད་དགོས།

དོན་ཚན་བཅུ་གསུམ་པ། འཛུགས་སྐྲུན་གྲུབ་ནས་ཐོན་སྐྱེད་བྱེད་མགོ་ཚུགས་པའི་རྣམ་གྲངས་ལ། རྣམ་གྲངས་བསྐྲུན་ནས་ཐོན་སྐྱེད་བྱེད་མགོ་ཚུགས་པའི་ལོ་གཉིས་པ་ནས་བཟུང་། ས་གནས་ནོར་སྲིད་ལ་བྱས་རྗེས་བཞག་པའི50%གཞིར་བཟུང་ནས་བསྟུད་མར་ལོ་གསུམ་རིང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པའི་ཁ་གསབ་དང་། ལག་རྩལ་གསར་གཏོད། ལག་རྩལ་བསྒྱུར་བཀོད་རྒྱས་སྐྲུན་སོགས་ཀྱི་རྣམ་པའི་ཐོག་ནས་ཁ་གསབ་རོགས་དངུལ་སྤྲོད་པ་དང་། ཁྱོན་བསྡོམས་ཁ་གསབ་རོགས་དངུལ་བཅད་གྲངས་ཆེས་མཐོ་ཤོས་སྒོར་ཁྲི30ཕྱིན་ནས། ཁེ་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱེད་དགོས།

དོན་ཚན་བཅུ་བཞི་བ། གཞི་ཁྱོན་ཡན་ནང་ཐེངས་དང་པོར་བཅུག་པའི་བཟོ་ལས་ཁེ་ལས་ལ་ཐེངས་གཅིག་ལ་སྒོར་ཁྲི20ཡི་སྐུལ་ལྕག་བྱེད་རྒྱུ། ཆེད་ལས་སྤུས་ལེགས་ཤིང་ཁྱད་ཆོས་གསར་བ་ལྡན་པའི་ཁེ་ལས་ལ་ངོས་འཛིན་བྱས་པ་ལ་སྒོར་ཁྲི20ལས་མི་བརྒལ་བའི་ཐེངས་གཅིག་གི་སྐུལ་ལྕག་བྱེད་དགོས། ཆེད་ལས་སྤུས་ལེགས་ཤིང་ཁྱད་ཆོས་གསར་བ་ལྡན་པར་ངོས་བཟུང་བའི“འཇོན་ཐང་ཆེ་བའི”ཁེ་ལས་ལ་སྒོར་ཁྲི30ལས་མི་བརྒལ་བའི་ཐེངས་གཅིག་གི་སྐུལ་ལྕག་བྱེད་རྒྱུ། ལོ་དེའི་ནང་གསར་དུ་ཞུགས་པའི་ཚད་བཀག་ཡན་གྱི་སྡེབ་ཚོང་དང་། སིལ་ཚོང་། ཞག་སྡོད་བཟའ་བཏུང་བཅས་ཀྱི་ཚོང་དོན་ཁེ་ལས་ལ་རིམ་པ་བཞིན་ཐེངས་གཅིག་གི་སྐུལ་ལྕག་སྒོར་ཁྲི20དང་། ཁྲི10དང་ཁྲི5སྟེར་དགོས།

དོན་ཚན་བཅོ་ལྔ་བ། ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་རིག་གནས་གནས་སྐོར་ལས་རིགས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ལ་རིམ་པ་བཞིན་ཐེངས་གཅིག་གི་སྐུལ་ལྕག་སྒོར་ཁྲི20དང་ཁྲི10སྟེར་དགོས།

དོན་ཚན་བཅུ་དྲུག་པ། བདེ་བླག་ངང་ནང་འདྲེན་བྱས་པ་མ་ཟད་རང་ཁུལ་གྱི་ཁེ་ལས་སྤྱི་ཁྱབ་པུའམ་ཡང་ན་ཁེ་ལས་མངའ་ཁོངས་ཀྱི་སྤྱི་ཁྱབ་པུའི་རྣམ་གྲངས་སུ་གཞིས་ཆགས་ཐོ་འགོད་བྱས་པའི་བྱ་དགའ་དེ། ཁུལ་བཟོ་ལས་དང་ཆ་འཕྲིན་ཅུ་ཡིས་ཁུལ་ནོར་སྲིད་ཅུ་དང་། ཁུལ་ཁྲལ་དོན་ཅུ་དང་མཉམ་དུ་ཁེ་ལས་སྤྱི་ཁྱབ་པུ་རུ་གཞིས་ཆགས་ཐོ་འགོད་བྱས་པའི་གྲོས་མཐུན་གཞིར་བཟུང་ནས། “དོན་རེར་གྲོས་རེར”གྱི་རྩ་དོན་ལྟར་བསམ་འཆར་བཏོན་ཏེ་ཁུལ་སྲིད་གཞུང་ལ་ཞིབ་འཇུག་གཏན་འབེབས་བྱེད་རྒྱུར་འབུལ་དགོས།

དོན་ཚན་བཅུ་བདུན་པ། ཚོང་འགུག་མ་འདྲེན་བརྒྱུད་ནས་རང་ཁུལ་དུ་ཡོང་སྟེ་བཙུགས་པའི་རང་ཚུགས་ཁྲིམས་མིའི་ཁེ་ལས་ཀྱི་སྒོ་བྱང་བཀལ་ནས་ཁྲོམ་རར་བཏོན་པ་ལ། ཁུལ་དང་རྫོང་ནོར་སྲིད་ཀྱིས་དུས་མགོའི་འགྲོ་གྲོན་གྱི30%ལྟར་ཁ་གསབ་སྤྲོད་རྒྱུ་དང་། ཁ་གསབ་རོགས་དངུལ་ཆེས་མཐོ་ཤོས་སྒོར་ཁྲི20ཕྱིན་ནས། ཁྲོམ་རར་ཞུགས་ནས་རེ་ཞུ་དང་། རྩིས་བཤེར་དང་དེ་བཞིན་བཅའ་ཁྲིམས་བརྟག་དཔྱད། མཚམས་སྦྱོར་ལས་ཁུངས་གདམ་གསེས་གདན་ཞུ། མ་རྐང་ལམ་ལུགས་སྒྱུར་བཀོད། དངུལ་འཛིན་ཚོང་པའི་ཟུར་ཁྲིད་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་རོགས་རམ་དང་མཛུབ་ཁྲིད་བྱེད་དགོས།

དོན་ཚན་བཅོ་བརྒྱད་པ། གསར་དུ་བཙུགས་པའི་དངུལ་རྩའི་ལས་ཁུངས་ལ་སྲིད་ཇུས་དང་། ལག་རྩལ། དོ་དམ། ཁོར་ཡུག་སོགས་ཀྱི་ཐད་མཛུབ་ཁྲིད་དང་རོགས་རམ་བྱེད་པ་དང་། ལས་སྒྲུབ་བརྒྱུད་རིམ་དང་ཞིབ་མཆན་འགོད་པའི་ཆ་རྐྱེན་སོགས་ཀྱི་ཐད་འགྲོ་ལུགས་སྟབས་བདེ་རུ་གཏོང་དགོས་ལ། རང་ཁུལ་གྱི་མངའ་ཁོངས་ནང་ས་གནས་རང་བཞིན་གྱི་དངུལ་རྩའི་ལས་ཁུངས་གསར་དུ་བཙུགས་པ་ཡིན་ཕྱིན་ཐེངས་གཅིག་ལ་སྒོར་ཁྲི20ཡི་བྱ་དགའ་སྟེར་དགོས།

དོན་ཚན་བཅུ་དགུ་བ། རང་ཁུལ་གྱིས་བདེ་བླག་ངང་ནང་འདྲེན་བྱས་ཤིང་གནས་གཞན་དུ་སྤེལ་བའི་དཔལ་འབྱོར་རྣམ་གྲངས་ཀྱིས་ལོ་དེའི་ནང་ཁུལ་རིམ་པ་འདིའི་ནོར་སྲིད་ལ་སྒོར་ཁྲི50ཡན་གྱི་ཁྲལ་འཇལ་སྤྲོད་བྱས་པའི་ཁེ་ལས་ཡིན་ན། ཁྲལ་འབབ་བསྡོམས་འབོར་གྱི50%ལྟར་ཐེངས་གཅིག་གི་བྱ་དགའ་སྟེར་བ་དང་། བྱ་དགའི་དངུལ་གྲངས་ཆེས་མཐོ་ཤོས་སྒོར་ཁྲི30ལས་བརྒལ་མི་ཆོག

ལེའུ་གསུམ་པ།  ས་ཆ་མཁོ་འདོན།

དོན་ཚན་ཉི་ཤུ་བ། ཞིང་ཆེན་རིམ་པའི་གཙོ་གནད་ཀྱི་ཚོང་འགུག་མ་འདྲེན་གྱི་རྣམ་གྲངས་མཛོད་ནང་བཅུག་པའི་རིགས་ལ། ཁྲིམས་ལྟར་ས་རིན་གྱི་གཟིགས་སྐྱོང་ལོངས་སུ་སྤྱོད་དུ་འཇུག་པ་དང་། སྔོན་ལ་ས་ཆ་མཁོ་འདོན་གྱི་འཆར་གཞིའི་ནང་འཇོག་པ་དང་སྔོན་ལ་ས་ཆ་མཁོ་འདོན་འགན་ལེན་བྱེད་དགོས། ཁེ་ལས་ཀྱིས་ཁྲིམས་ལྟར་བཟོ་ལས་ལ་སྤྱོད་པའི་ས་ཆ་ཐོབ་པའི་རིགས་ལ། ས་ཆ་ནང་བཤུག་གཏོང་བའི་གན་རྒྱའི་ཁ་ཆད་ལྟར་དུས་བགོས་ཀྱིས་ས་ཆ་ནང་བཤུག་གཏོང་བའི་གྲོན་དངུལ་འཇལ་ཆོག་པ་དང་། ཐོག་མར་འཇལ་བའི་བསྡུར་ཚད་དེ30%ལས་མི་དམའ་བ་དང50%ལས་མི་བརྒལ་བ་བྱས་ནས་ལོ་གཉིས་ནང་ཚུན་དུ་གཙང་འཇལ་བྱེད་དགོས།

དོན་ཚན་ཉེར་གཅིག་པ། ཁུལ་ནང་ཁུལ་དུ་སྔོན་ལ་འཕེལ་རྒྱས་སོང་བའི་བཟོ་ལས་རྣམ་གྲངས་ཀྱི་རིགས་ལ། བཟོ་ལས་ལ་སྤྱོད་པའི་ས་ཆ་དེ་ཡུན་རིང་བོགས་གཏོང་དང་། སྔོན་ལ་བོགས་མར་གཏོང་བ་དང་རྗེས་སུ་ནང་བཤུག་གཏོང་བ། བོགས་བཤུག་ཟུང་འབྲེལ། ལྡེམ་ཤུགས་ལྡན་པའི་དུས་ཡུན་ནང་བཤུག་གཏོང་བ་སོགས་ཀྱི་མཁོ་འདོན་བྱེད་སྟངས་སྤྱད་ཆོག ས་ཆ་ནང་བཤུག་གཏོང་བའི་རིན་གོང་དེ་ས་གནས་དེའི་ས་ཆ་སོགས་རྒྱལ་ཡོངས་ཀྱི་བཟོ་ལས་ལ་སྤྱོད་པའི་ས་ཆ་ནང་བཤུག་གཏོང་བའི་རིན་གོང་དམའ་ཤོས་ཀྱི་ཚད་གཞིའི70%ལས་མི་དམའ་བ་ལྟར་ལག་བསྟར་བྱེད་དགོས། བཟོ་ལས་གླིང་ཁུལ་གྱི་བཟོ་ལས་ས་ཆ་ནང་བཤུག་གཏོང་བའི་མ་དངུལ་གྱི་ཚད་གཞི་དམའ་ཤོས་ནི། ས་གནས་ཁྱད་པར་གྱི་གནས་ཚུལ་མི་འདྲ་བར་གཞིགས་ནས་རྒྱལ་ཡོངས་ཀྱི་བཟོ་ལས་ས་ཆ་ནང་བཤུག་གཏོང་བའི་རིན་གོང་དམའ་ཤོས་ཀྱི་ཚད་གཞི་ལྟར10%-50%བར་ལག་བསྟར་བྱེད་དགོས།

དོན་ཚན་ཉེར་གཉིས་པ། ཚོང་འགུག་མ་འདྲེན་གྱི་རྣམ་གྲངས་གལ་ཆེན་གྱི་ས་ཆ་སྔོན་འཇོག་དང་། ངོ་བོ་བརྗེ་སྒྱུར། ས་ཆ་སྤྱོད་རྒྱུའི་ཆོག་མཆན་ཞུ་བ་སོགས་རང་གཤིས་ཅན་གྱི་ས་ཆའི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ས་ཆ་ཡུན་རིང་བོགས་གཏོང་བྱེད་པ། སྔོན་ལ་བོགས་མར་གཏོང་བ་དང་རྗེས་སུ་ནང་བཤུག་གཏོང་བ། བོགས་བཤུག་ཟུང་འབྲེལ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ས་ཆ་མཁོ་འདོན་བྱེད་དགོས།

ལེའུ་བཞི་བ།  ཁྲལ་བསྡུའི་གཟིགས་སྐྱོང་།

དོན་ཚན་ཉེར་གསུམ་པ། ཡུལ་མིའི་ཁེ་ལས(གཤམ་དུ་ཁེ་ལས་ཞེས་བསྡུས་ཡོད།) ལ་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་ཐོབ་པ་བརྒྱུད་ནས། 《སྤྱི་བའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཀྱི་ཁེ་ལས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་དཀར་ཆག》(གཤམ་དུ《དཀར་ཆག》ཅེས་བསྡུས་ཡོད།) དུ་གཏན་འབེབས་བྱས་པའི་ཁྱབ་ཁོངས་དང་། ཆ་རྐྱེན། ཚད་གཞི་བཅས་དང་མཐུན་པའི་སྤྱི་བའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཀྱི་མ་འཇོག་གཉེར་སྐྱོང་གི་ཐོབ་ཆ་དེ། རྣམ་གྲངས་དེའི་ཐོན་སྐྱེད་གཉེར་སྐྱོང་གི་ཡོང་འབབ་དང་པོའི་ཁོངས་གཏོགས་ཁྲལ་འཇལ་གྱི་ལོ་འཁོར་ནས་བཟུང་། ལོ་དང་པོ་ནས་ལོ་གསུམ་པའི་བར་ཁེ་ལས་ཀྱི་ཐོབ་ཁྲལ་རྩ་ཆག་གཏོང་རྒྱུ་དང་། ལོ་བཞི་བ་ནས་ལོ་དྲུག་པའི་བར་ཁེ་ལས་ཀྱི་ཐོབ་ཁྲལ་ཕྱེད་ཀ་བཅག་ནས་བསྡུ་དགོས། རྒྱལ་ཁབ་ཀྱིས་གཙོ་གནད་དུ་རོགས་སྐྱོར་བྱེད་པའི་སྤྱི་བའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཞེས་པ་ནི《སྤྱི་བའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཁེ་ལས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་དཀར་ཆག》ནང་གཏན་འབེབས་བྱས་པའི་གྲུ་ཁ་དང་། གནམ་གྲུ་ཐང་། ལྕགས་ལམ། གཞུང་ལམ། གྲོང་ཁྱེར་གྱི་སྤྱི་བའི་འགྲིམ་འགྲུལ། གློག་ཤུགས། ཆུ་བེད་སོགས་རྣམ་གྲངས་ལ་ཟེར། དཔྱ་ཁྲལ་རྩ་ཆག་གཏོང་བའི་རྣམ་གྲངས་ནང་ཆུ་དང་འོད། རླུང་སོགས་ཐོན་ཁུངས་རང་བཞིན་གྱི་གསར་སྤེལ་བྱས་པའི་སྤྱི་བའི་རྨང་གཞི་ཚུད་མེད་པ་དང་། ཁེ་ལས་ཀྱིས་གཉེར་སྐྱོང་འགན་གཙང་ལེན་དང་། འཛུགས་སྐྲུན་འགན་གཙང་ལེན། ནང་ཁུལ་དུ་རང་སྐྲུན་རང་སྤྱོད་བཅས་ཀྱི《དཀར་ཆག》ནང་གཏན་འབེབས་བྱས་པའི་རྣམ་གྲངས་ཀྱི་ཐོབ་ཆ་ཡིན་ན། གོང་གསལ་ནང་གསེས་དོན་ཚན་ནང་གཏན་འབེབས་བྱས་པའི་ཁེ་ལས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་ལོངས་སུ་སྤྱོད་མི་ཆོག

དོན་ཚན་ཉེར་བཞི་བ། ཁེ་ལས་དེ《སྤྱི་བའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཀྱི་ཁེ་ལས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་དཀར་ཆག》གི་གཏན་འབེབས་དང་མཐུན་པ་དང་། 2007ལོའི་ཟླ12ཚེས31ཉིན་སྔོན་ལ་ཆོག་མཆན་སྤྲད་པའི་སྤྱི་བའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་མ་འཇོག་གཉེར་སྐྱོང་གི་ཐོབ་ཆ་དང་། དེ་བཞིན《ཁོར་ཡུག་སྲུང་སྐྱོང་དང་ནུས་རྒྱུ་གྲོན་ཆུང་། ཆུ་གྲོན་ཆུང་གི་རྣམ་གྲངས་ཁེ་ལས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་དཀར་ཆག》གི་གཏན་འབེབས་དང་མཐུན་པ་དང་།  2007ལོའི་ཟླ12ཚེས31ཉིན་སྔོན་ལ་ཆོག་མཆན་བཀོད་པའི་ཁོར་ཡུག་སྲུང་སྐྱོང་དང་། ནུས་ཁུངས་དང་ཆུ་གྲོན་ཆུང་བྱེད་པའི་རྣམ་གྲངས་ཀྱི་ཐོབ་ཆ་རྣམས། རྣམ་གྲངས་དེར་ཐོན་སྐྱེད་གཉེར་སྐྱོང་ཡོང་འབབ་ཁག་དང་པོའི་ཁྲལ་འཇལ་གྱི་ཁོངས་སུ་གཏོགས་པའི་ལོ་འཁོར་ནས་བཟུང་། དཔྱ་ཁྲལ་བཅའ་ཁྲིམས་གསར་པའི་གཏན་འབེབས་ལྟར་རྩིས་པའི་ཁེ་ལས་ཀྱི་ཐོབ་ཁྲལ‘རྩ་ཆག་གསུམ་དང་ཕྱེད་ཕྲི་གསུམ’གཟིགས་སྐྱོང་བྱེད་རིང་། 2008ལོའི་ཟླ1ཚེས1ཉིན་ནས་བཟུང་དེའི་ལྷག་མའི་ལོ་ཚད་ཀྱི་ཁེ་ལས་ཀྱི་ཐོབ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་གཟིགས་སྐྱོང་ལོངས་སུ་སྤྱད་ཆོག

དོན་ཚན་ཉེར་ལྔ་བ། ཁེ་ལས་ཀྱིས2008ལོའིཟླ1ཚེས1ཉིན་ནས་བཟུང《ཁོར་ཡུག་སྲུང་སྐྱོང་ཆེད་སྤྱོད་སྒྲིག་ཆས་ཁེ་ལས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་ལག་བསྟར་བྱེད་རྒྱུའི་སྐོར་གྱི་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའི་ཆེད་སྤྱོད་སྒྲིག་ཆས་ཁེ་ལས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་དཀར་ཆག་དང་།    ནུས་ཁུངས་དང་ཆུ་གྲོན་ཆུང་གི་ཆེད་སྤྱོད་སྒྲིག་ཆས་ཁེ་ལས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་དཀར་ཆག བདེ་འཇགས་ཐོན་སྐྱེད་ཆེད་སྤྱོད་སྒྲིག་ཆས་ཁེ་ལས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་དཀར་ཆག》བཅས་ཀྱི་ཁྱབ་ཁོངས་ནང་གི་ཁོར་ཡུག་སྲུང་སྐྱོང་དང་། ནུས་ཁུངས་དང་ཆུ་བེད་གྲོན་ཆུང་། བདེ་འཇགས་ཐོན་སྐྱེད་བཅས་ཀྱི་ཆེད་སྤྱོད་སྒྲིག་ཆས་ཉོ་སྒྲུབ་དང་བཀོལ་སྤྱོད་བྱེད་པ་མ་ཟད། ཆེད་སྤྱོད་སྒྲིག་ཆས་ཀྱི་མ་འཇོག་བསྡོམས་འབོར་གྱི10%གཞིར་བཟུང་ནས་ལོ་དེའི་ཁེ་ལས་ཀྱི་འབབ་ཁྲལ་གྱི་འཇལ་དགོས་པའི་ཁྲལ་འབབ་འཕྲི་གཅོག་བྱས་ཆོག ཁེ་ལས་ཀྱིས་ལོ་དེའི་འཇལ་དགོས་པའི་ཁྲལ་འབབ་ཉུང་དུ་འཕྲི་གཅོག་བྱས་མེད་ན། ལོ་རྗེས་མའི་ལོ་འཁོར་དུ་རྩིས་སྒྱུར་བྱས་ཆོག་མོད། འོན་ཀྱང་རྩིས་སྒྱུར་དུས་ཚད་དེ་ཁྲལ་འཇལ་ལོ་འཁོར5ལས་བརྒལ་མི་ཆོག ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་། ལག་རྩལ་མཐོ་གསར་གྱི་ཁེ་ལས། ཚན་རྩལ་གསར་གཏོད། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་སྣོན་རྩིས་འཕྲི་འཐེན་བྱེད་པ། གཏན་འཇགས་རྒྱུ་ནོར་རྙིང་གཅོག་བྱེད་ཚད་མགྱོགས་སུ་གཏོང་བ།    ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་དེ་བཞིན་ནུབ་རྒྱུད་གསར་སྤེལ་ཆེན་པོ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་དགོས།

དོན་ཚན་ཉེར་དྲུག་པ། 2021ལོའི་ཟླ1ཚེས1ཉིན་ནས2030ལོའི་ཟླ12ཚེས31ཉིན་བར། ནུབ་རྒྱུད་ས་ཁུལ་དུ་བཙུགས་པའི་སྐུལ་ལྕག་རིགས་ཀྱི་ཐོན་ལས་ཁེ་ལས་ལ་ཁྲལ་ཚད15%གཞིར་བཟུང་ནས་ཁེ་ལས་ཀྱི་ཐོབ་ཁྲལ་བསྡུ་དགོས། དོན་ཚན་འདིའི་ནང་བརྗོད་པའི་སྐུལ་ལྕག་རིགས་ཀྱི་ཐོན་ལས་ཁེ་ལས་ཞེས་པ་ནི《ནུབ་རྒྱུད་ས་ཁུལ་གྱི་སྐུལ་ལྕག་རིགས་ཀྱི་ཐོན་ལས་དཀར་ཆག》ནང་གཏན་འབེབས་བྱས་པའི་ཐོན་ལས་རྣམ་གྲངས་གཙོ་གཉེར་ལས་སྒོ་ཡིན་པ་མ་ཟད། དེའི་གཙོ་གཉེར་ལས་སྒོའི་ཡོང་འབབ་ཀྱིས་ཁེ་ལས་ཀྱི་ཡོང་འབབ་བསྡོམས་འབོར་གྱི60%ཡན་བཟུང་བའི་ཁེ་ལས་ལ་ཟེར།

དོན་ཚན་ཉེར་བདུན་པ། རིན་འཕར་ཁྲལ་གྱི་སྤྱིར་བཏང་ཁྲལ་འཇལ་མཁན་གྱིས་རང་གིས་ཐོན་སྐྱེད་བྱས་པའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཐོན་རྫས་ཕྱིར་འཚོང་དང་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ངལ་ལས་མཁོ་འདོན་བྱེད་པར་རིན་འཕར་ཁྲལ་གྱི་ཁྲལ་བསྡུ་འཕྲལ་སློག་གི་སྲིད་ཇུས་ལོངས་སུ་སྤྱད་ཆོག ཕྱོགས་བསྡུས་བེད་སྤྱོད་བྱེད་པའི་ཐོན་ཁུངས་ཀྱི་མིང་དང་། ཕྱོགས་བསྡུས་བེད་སྤྱོད་བྱེད་པའི་ཐོན་རྫས་དང་ངལ་ལས་ཀྱི་མིང་། ལག་རྩལ་གྱི་ཚད་གཞི་དང་འབྲེལ་ཡོད་ཆ་རྐྱེན། ཁྲལ་སློག་གི་བསྡུར་ཚད་སོགས《ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་པའི་ཐོན་རྫས་དང་ངལ་ལས་ཀྱི་རིན་འཕར་ཁྲལ་གྱི་གཟིགས་སྐྱོང་དཀར་ཆག(2022ལོའི་པར་གཞི།)》གི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།

དོན་ཚན་ཉེར་བརྒྱད་པ། འབྲེལ་ཡོད་ཆ་རྐྱེན་དང་མཐུན་པའི་ཁྲལ་འཇལ་མཁན་གྱིས་ཁྲལ་དོན་གཙོ་སྐྱོང་ལས་ཁུངས་ལ་འཕར་གྲངས་འཕྲི་གཅོག་བྱས་པའི་ཁྲལ་འབབ་ཕྱིར་སློག་རེ་ཞུ་བྱས་ཆོག

ལེའུ་ལྔ་བ།  གློག་ཤུགས་འགན་སྲུང་།

དོན་ཚན་ཉེར་དགུ་བ། རྒྱལ་ཁབ་ཀྱི་གློག་ཤུགས་རིན་གོང་ཚོང་ར་ཅན་དུ་འགྱུར་བའི་བསྒྱུར་བཅོས་སྲིད་ཇུས་ལག་བསྟར་དང་། ཧུར་ཐག་གིས་ཁེ་ལས་ཀྱི་ཕྱི་ཕྱོགས་གློག་དྲ་འཛུགས་སྐྲུན་བྱེད་པར་མ་དངུལ་འཇོག་པར་རྒྱབ་སྐྱོར་བྱས་ཏེ། མ་དངུལ་འཇོག་པའི་ཁེ་ལས་ཀྱི་གློག་སྤྱོད་དགོས་མཁོ་སྐོང་བ་དང་། གློག་ཤུགས་མཁོ་འདོན་དང་བློས་འགེལ་ཆོག་པའི་རང་བཞིན་འགན་སྲུང་བྱེད་དགོས།

དོན་ཚན་སུམ་ཅུ་བ། ཁེ་ལས་ཀྱི་གློག་སྤྱོད་ཐེག་ཚད་ཀྱི་ངོ་བོར་གཞིགས་ཏེ། གློག་མཁོ་འདོན་འཆར་གཞི་གཏན་ཁེལ་བྱས་ཐོག་དམིགས་བསལ་གྱིས་སྔོན་ལ་གློག་འདོན་རྒྱུ་དང་གཙོ་གནད་དུ་འགན་སྲུང་བྱེད་དགོས། མ་འཇོག་ཁེ་ལས་ལ་གཞོགས་འདེགས་བྱས་ནས་གློག་ཉོ་སྒྲུབ་ཀྱི་ཐབས་ཇུས་གཏན་འབེབས་བྱེད་པའམ་ཡང་ན་ཚབ་བྱས་ནས་གློག་ཉོ་དགོས་ལ། ཁེ་ལས་ནང་ཁུལ་གྱི་གློག་སྤྱོད་བྱེད་སྟངས་དང་ཐེག་ཚད་ལ་དམིགས་ནས་ཕྱོགས་བསྡུས་ནུས་རྒྱུའི་ཕན་འབྲས་ཆེ་རུ་གཏོང་བའི་བློ་འདྲིའི་ཞབས་ཞུ་སྤེལ་བ་དང་། ཁེ་ལས་ཀྱི་གློག་སྤྱོད་འཆར་འགོད་ལ་མཛུབ་ཁྲིད་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་གློག་སྦྱོར་སྒྲིག་བཀོད་བྱེད་པ། འཛུགས་སྐྲུན་གྱི་མ་འཇོག་མ་གནས་ཇེ་དམའ་རུ་གཏོང་བ་བཅས་བྱེད་དགོས།

དོན་ཚན་སོ་གཅིག་པ། མ་འཇོག་ཁེ་ལས་ཀྱིས་ཚོང་འགྲུལ་པའི་བཟོ་སྐྲུནའི་བསྐྱར་ཞིབ་གྲོན་དངུལ་དང་། རེའུ་མིག་དཔྱད་ཆས་གྲོན་དངུལ། དཔེ་རིས་ཞིབ་བཤེར་གྲོན་དངུལ། ཐེམ་ཐོ་བསྒྱུར་བའི་གྲོན་དངུལ། གློག་འདོན་ཇུས་གཞི་བསྒྱུར་བའི་གྲོན་དངུལ། ཐེག་ཚད་ཚོད་འཛིན་གྱི་མ་མཐའི་གྲོན་དངུལ་བཅས་མི་བསྡུ་བ་དང་། ཚོང་འགྲུལ་པས་གློག་སྒྲུབ་པ་དང་གློག་སྤྱོད་པའི་མ་གནས་གཅོག་དགོས། ཚོང་འགྲུལ་པའི་སྤྱི་གཉེར་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཏེ། ཆེད་ལས་གློག་འདོན་ཞབས་ཞུ་རུ་ཁག་རྩ་འཛུགས་བྱས་ནས་དུས་བཀག་ལྟར་གློག་སྤྱོད་སྒྲིག་ཆས“འོས་འགན་སྨན་བཅོས”བྱས་ཏེ། ཐག་གཅོད་ཇུས་གཞི་འདོན་སྤྲོད་བྱས་ནས་ཁེ་ལས་ཀྱི་བདེ་འཇགས་དང་ཐོན་སྐྱེད་བརྟན་པོ་ཡོང་བར་ཁག་ཐེག་བྱེད་དགོས།

ལེའུ་དྲུག་པ། ཤེས་ལྡན་པ་ནང་འདྲེན།

དོན་ཚན་སོ་གཉིས་པ། “ཁུ་ནུའི་ཤེས་ལྡན་པའི”ལས་འགུལ་འཆར་གཞིའི་ནང་ཚུད་པའི་ཕུལ་བྱུང་ཤེས་ལྡན་མི་སྣར་ཞིང་ཆེན་རིམ་པའི་དམིགས་བསལ་གྲོན་དངུལ་གྱི་རྒྱབ་སྐྱོར་ལོངས་སུ་སྤྱོད་དུ་འཇུག་པའི་རྨང་གཞིའི་སྟེང་། ཞིང་ཆེན་གྱི་རྒྱབ་སྐྱོར་གྲོན་དངུལ་གྱི20%གཞིར་བཟུང་ནས་སླར་ཡང་གྲོན་དངུལ་གྱི་རྒྱབ་སྐྱོར་བྱེད་པ་མ་ཟད། བདམས་ཐོན་བྱུང་བའི“ཁུ་ནུའི་ཤེས་ལྡན་པའི”ལས་འགུལ་འཆར་གཞིའི་ཤེས་ལྡན་མི་སྣ་གནས་སའི་ཁེ་ལས་ལ་མ་དངུལ་གྱི་སྐུལ་ལྕག་བྱེད་དགོས། དེའི་ནང་ནས་མི1གམ་ཡང་ན་ཚོགས་པ1བདམས་ནས“རྩེར་སོན་གསར་གཏོད་ཤེས་ལྡན་པ”དང“ཚན་རྩལ་སྣེ་ཁྲིད་ཤེས་ལྡན་པ”ལ་གཞིགས་ནས་སྒོར་ཁྲི1གིས་སྐུལ་ལྕག་བྱེད་དགོས།

དོན་ཚན་སོ་གསུམ་པ། ངལ་རྩོལ་འདུས་ཚད་ཆེ་བའི་ཐོན་ལས་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི5000ཡན་བཞག་པ་མ་ཟད། མི100ཡན་དང་ངལ་རྩོལ་གན་རྒྱ་ལོ་གཅིག་ཡན་བཞག་པའི་ཁེ་ལས་ཀྱིས་ཐོན་སྐྱེད་བྱེད་མགོ་ཚུགས་པའི་ལོ་གསུམ་ནང་ཁེ་ལས་ཀྱིས་དངོས་སུ་སྤྲད་པའི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྲོན་དངུལ་དང་། ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྲོན་དངུལ། ལས་ཤོར་འགན་བཅོལ་གྲོན་དངུལ་བཅས་ཀྱི15%ཡི་བསྡུར་ཚད་ལྟར་ཁ་གསབ་སྤྲོད་དགོས་པ་དང(མི་སྒེར་གྱིས་འཇལ་དགོས་པའི་ཆ་ཤས་ཚུད་མེད)ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ་དང་། ལོ་འཁོར་གྱི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ། དམག་ཞབས་ཐིམས་པའི་དམག་མི་བཅས་ལས་ཀར་ཞུགས་པར་མི་རེར་སྒོར1000གི་ཚད་གཞི་ལྟར་སྐུལ་ལྕག་གཏོང་དགོས།

དོན་ཚན་སོ་བཞི་བ། རིགས་སྣ་ཚོགས་ཀྱི་རྩེར་སོན་ལག་རྩལ་ཤེས་ལྡན་མི་སྣས་ཧུར་ཐག་གིས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་གྱི་ཚན་རྩལ་རྣམ་གྲངས་རེ་ཞུ་བྱས་ཏེ། རྣམ་གྲངས་ལ་བརྟེན་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་ཁྲིད་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། ཞིབ་འཇུག་གསར་སྤེལ་གྱི་གྲུབ་འབྲས་ཀྱིས་གཙོ་གནད་ཐོན་ལས་ཀྱི་ལག་རྩལ་ཡར་ཐོན་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁེ་ལས་ལ་རྣམ་གྲངས་རེར་སྒོར་ཁྲི30ལས་མི་བརྒལ་བའི་མ་དངུལ་གྱི་སྐུལ་ལྕག་གཏོང་དགོས།

དོན་ཚན་སོ་ལྔ་བ། ཚན་རྩལ་བློ་འདྲི་བ་གདན་ཞུ་བྱས་ནས་ཡོན་ཧྲིའི་ལས་དོན་ས་ཚིགས་དང་། རིགས་གཅིག་མཁས་པའི་ལས་དོན་ཁང་། འབུམ་རམས་པའི(ཞིབ་འཇུག་སློབ་མ།)ལས་དོན་ས་ཚིགས་བཅས་འཛུགས་པ་ལ། ལས་དོན་ས་ཚིགས་(ཁང་)རེར་ཁ་གསབ་རོགས་དངུལ་སྒོར་ཁྲི5སྤྲོད་དགོས། རེ་ཞུ་བྱས་པ་དང་འབྲེལ་ཁུལ་ཏུ་བཙུགས་པའི་ཞིང་ཆེན་རིམ་པའི“ཡོན་ཧྲིའི་ལས་དོན་ས་ཚིགས”དང“རིགས་གཅིག་མཁས་པའི་ལས་དོན་ཁང”སོ་སོར་སྒོར་ཁྲི30དང་སྒོར་ཁྲི20ཡི་སྐུལ་ལྕག་གཏོང་དགོས།

དོན་ཚན་སོ་དྲུག་པ། མཚོ་བྱང་ཁུལ་དུ་ཚོང་འགུག་མ་འདྲེན་རྒྱུན་སྡོད་བྱེད་པའི་ཁེ་ལས་ཀྱི་ལག་རྩལ་བསྒྱུར་བཀོད་རྣམ་གྲངས་དེ་ཞིང་ཆེན་ཕྱིའི་ཞིབ་འཇུག་གསར་སྤེལ་སྒྲིག་གཞིའམ་ཡང་ན་ཞིང་ཆེན་ཕྱི་ནང་གི་ཚན་རྩལ་མཐོ་བའི་ཁེ་ལས་དང་མཉམ་འབྲེལ་བྱས་ནས་ལག་རྩལ་འགག་སྒྲོལ་བྱེད་དགོས་རིགས་ལ། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་དཔྱད་དཔོག་བྱས་པ་བརྒྱུད་གསར་གཏོད་ཅན་གྱི་མཉམ་འབྲེལ་སྒྲིག་གཞིའི་རྣམ་གྲངས་སུ་གཏན་ཁེལ་བྱེད་ཆོག་པ་དང་། ཁུལ་ནོར་སྲིད་ཀྱིས་ཐེངས་གཅིག་གིས་ཁེ་ལས་ལ་སྒོར་ཁྲི20ཡི་སྐུལ་ལྕག་གཏོང་དགོས།

དོན་ཚན་སོ་བདུན་པ། ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྐྱོང་བྱེད་པར་མཚོ་སྔོན་དུ་ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་གྱི་དམིགས་བསལ་རྒྱབ་སྐྱོར་ཐོབ་པའི་སྒེར་འབབ་དཔྱ་ཁྲལ་གྱི་ས་གནས་ཀྱི་བགོ་སྐལ་ཆ་ཤས་དེ100%གཞིར་བཟུང་ནས་ཁ་གསབ་སྤྲོད་དགོས་པ་དང་། ཁེ་ལས་ཀྱི་མཐོ་རིམ་དོ་དམ་པའམ་ཡང་ན་ཁེ་ལས་ཀྱི་མཐོ་རིམ་ཤེས་ལྡན་པས་འཇལ་ཟིན་པའི་མི་སྒེར་གྱི་ཐོབ་ཁྲལ་དེ་མཚོ་སྔོན་ཞིང་ཆེན་གྱིས་མཐོ་རིམ་ཤེས་ལྡན་པ་ནང་འདྲེན་བྱེད་པའི་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་ནས་ལག་བསྟར་བྱེད་དགོས།

ལེའུ་བདུན་པ།  ཚོང་གཉེར་ཁོར་ཡུག

དོན་ཚན་སོ་བརྒྱད་པ། མཉམ་འགུལ་ལམ་སྲོལ་ལག་བསྟར་བྱས་ཏེ། མཚོ་བྱང་ཁུལ་དུ་བཅའ་སྡོད་བྱེད་པའི་གན་རྒྱ་འཇོག་པའི་རྣམ་གྲངས་ལ“གཅིག་གཏད་གཅིག”གི་ཞབས་ཞུ་ལག་བསྟར་བྱེད་པ་དང་། ཁེ་ལས་ཀྱི་ལག་ཁྱེར་གཉེར་བའི་དུས་ཚོད་ཐུང་དུ་གཏོང་བ། བརྒྱུད་རིམ་ཧྲིལ་པོར་གློག་རྡུལ་ཅན་དང་དྲ་ཐོག་ཞིབ་མཆན་འགོད་རྒྱུར་སྐུལ་འདེད་གཏོང་བ། རྣམ་གྲངས་འཛུགས་པ་དང་། ཞིབ་མཆན་འགོད་པ། ལག་ཁྱེར་གཉེར་བ་སོགས་ཀྱི་འབྲེལ་ཡོད་འགྲོ་ལུགས་གཉེར་རྒྱུར་བརྒྱུད་རིམ་ཧྲིལ་པོར་གཞོགས་འདེགས་བྱེད་པ་མ་ཟད། ཧུར་ཐག་གིས་གནམ་གཤིས་དང་། ཆུ་དཔྱད། ས་གཤིས། ས་དབྱིབས་སོགས་ཐད་ཀྱི་གྲངས་གཞི་དང་དཔྱད་ཡིག་མཁོ་འདོན་བྱེད་དགོས།

དོན་ཚན་སོ་དགུ་བ། སྔོན་བཀོད་ཞིབ་མཆན་དོན་ཚན་དང་འབྲེལ་བ་མེད་པའི་གན་རྒྱ་འཇོག་པའི་རྣམ་གྲངས་ཡིན་ཕྱིན་ཁེ་ལས་ཀྱིས་ཐོ་འགོད་དང་། ཐམ་ག་རྐོ་བཟོ། ཐོག་མར་རེ་ཞུ་བཅས་ཀྱི་འཛིན་ཤོག་གཉེར་བའི་དུས་ཚོད་དེ་ཉིན་གསུམ་ནང་ཡོངས་འགྲུབ་བྱེད་དགོས་པ་དང་། ཁྲིམས་ལྟར་སྔོན་བཀོད་ཞིབ་མཆན་ཐོབ་རྗེས་གཞི་ནས་གཉེར་སྐྱོང་བྱེད་ཆོག་པའི་གན་རྒྱ་འཇོག་པའི་རྣམ་གྲངས་ལ་འབྲེལ་ཡོད་ཞིབ་མཆན་སྡེ་ཁག་གིས《མཚོ་སྔོན་ཞིང་ཆེན་གྱི“ལག་ཁྱེར་ལོགས་དབྱེ”སྒྱུར་བཅོས་ཀྱི་དོན་གནད་ཡོངས་ལ་ཁྱབ་པའི་གསལ་ཐོའི》ནང་དོན་གཞིར་བཟུང་ནས་ཞིབ་མཆན་འགན་འཁྲི་སྒྲུབ་དགོས་པ་ལས། སྒྲིག་འགལ་ངང་ཁེ་ལས་དེ་འབྲེལ་ཡོད་ལས་རིགས་ཁྱབ་ཁོངས་ནང་ཞུགས་པར་ཚོད་འཛིན་བྱེད་མི་ཆོག

དོན་ཚན་བཞི་བཅུ་བ། འཆར་འགོད་དང་། ས་ཆ། མེ་ཟོན། མི་དམངས་མཁའ་སྲུང་། ཡིག་ཚགས་སོགས་དང་འབྲེལ་བ་ཡོད་པའི་དོན་གནད་ལ་ཞིབ་བཤེར་དང་ཞིབ་བཤེར་རྩིས་ལེན་སོགས་ཀྱི་ལས་དོན་ཐད་མཉམ་འབྲེལ་ཞིབ་བཤེར་དང་། མཉམ་འབྲེལ་ལྟ་ཞིབ། མཉམ་འབྲེལ་ཞིབ་བཤེར་རྩིས་ལེན། སྔོན་ལ་བརྡ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྡེ་ཁག་གི་བྱ་བའི་བརྒྱུད་རིམ་བསྡུ་སྒྲིལ་བྱས་ནས་ལྟ་ཞིབ་དང་། ཞིབ་བཤེར་རྩིས་ལེན། དཔྱད་བསྡུར་བཅས་གཅིག་གྱུར་བྱེད་དགོས།

དོན་ཚན་ཞེ་གཅིག་པ། ཁེ་ལས་ཀྱི་མཐོ་རིམ་དོ་དམ་མི་སྣའམ་ཡང་ན་ཁེ་ལས་ཀྱི་མཐོ་རིམ་ཤེས་ལྡན་པས་འཇལ་ཟིན་པའི་མི་སྒེར་གྱི་ཐོབ་ཁྲལ་དེ40%ལས་མི་དམའ་བ་ཡིན་ན་སྐུལ་ལྕག་གཏོང་དགོས་པ་དང་། ཕྱི་ནས་ཡོང་བའི་མ་དངུལ་འཇོག་མཁན་དང་། ཁེ་ལས་པ། དོ་དམ་མི་སྣ། ཆེད་ལས་ཤེས་ལྡན་མི་སྣ་དང་དེའི་ཁྱིམ་མིས་རྩལ་ནུས་གསོ་སྦྱོང་དང་། གོ་མིང་དཔྱད་ཞིབ། ལས་རིགས་དཔྱད་བསྡུར་གཏན་འབེབས། ལས་ཞུགས་འགན་ལེན། ཁྱིམ་ཐོ་སྤོ་སྒྱུར། བུ་ཕྲུག་སློབ་གྲྭར་འགྲོ་བ་དང་བཅའ་ཁྲིམས་ཞབས་ཞུ་སོགས་ཀྱི་ཐད་སྟབས་བདེ་བསྐྲུན་དགོས།

ལེའུ་བརྒྱད་པ།  ཕྱོགས་གཞན་དག

དོན་ཚན་ཞེ་གཉིས་པ། མཚམས་སྦྱོར་གྱིས་ཚོང་འགུག་དང་། ཚོང་འགུག་ཚབ་སྒྲུབ། ཚོང་འགུག་མངགས་བཅོལ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ནང་འདྲེན་བྱས་པའི་རྣམ་གྲངས་གལ་ཆེན་ལ། རྣམ་གྲངས་ཀྱི་མ་འཇོག་གྲངས་འབོར་དང་འཛུགས་སྐྲུན་མྱུར་ཚད་ལ་གཞིགས་ནས་སྐུལ་ལྕག་གཏོང་དགོས་པ་དང་། རྣམ་གྲངས་རྐྱང་པར་སྐུལ་ལྕག་མཐོ་ཤོས་སྒོར་ཁྲི30ལས་བརྒལ་མི་ཆོག

དོན་ཚན་ཞེ་གསུམ་པ། ཁེ་ལས་ཀྱིས་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ལ་སྐུལ་འདེད་དང་སྐུལ་ལྕག་བཏང་ནས་ཁུལ་དེའི་སྲིད་འཛིན་ས་ཁོངས་ནང་ཁྲལ་འཇལ་མཁན་ཕྱིར་གཏོང་ཁེ་ལས་ཀྱིས་ཁེ་ལས་ཀྱི་ཕྱིར་གཏོང་གྲངས་འབོར་གྱི་ལོའི་འཕར་ཚད་ཀྱི2%ལ་གཞིགས་ནས་མ་དངུལ་གྱི་སྐུལ་ལྕག་བྱེད་པ་དང་། ཁ་གསབ་མཐོ་ཤོས་སྒོར་ཁྲི30ལས་བརྒལ་མི་ཆོག ཁེ་ལས་ཀྱིས་རྒྱལ་སྤྱིའི་ཚོང་ར་གསར་གཏོད་བྱེད་པར་བསྔགས་སྐུལ་དང་། ཁེ་ལས་ཕྱི་ཕྱོགས་ཕྱིར་གཏོང་ཉོ་ཚོང་འགྲེམས་ཚོགས་ལ་ཞུགས་པར་རྒྱབ་སྐྱོར་བྱེད་དགོས་ལ། ཕྱི་ཕྱོགས་ཉོ་ཚོང་འགྲེམས་ཚོགས་ལ་ཞུགས་པའི་ཁེ་ལས་ཡིན་ཕྱིན་འགྲེམས་གནས་ཀྱི་འགྲོ་གྲོན་ལ་ཁ་གསབ་འོས་འཚམ་སྤྲོད་དགོས།

ལེའུ་དགུ་བ། ཞིབ་བཤེར་གཏན་འབེབས་ཀྱི་གོ་རིམ།

དོན་ཚན་ཞེ་བཞི་བ། ཚོང་འགུག་མ་འདྲེན་གྱི་ཆེད་སྤྱོད་མ་དངུལ་རེ་ཞུའི་ལས་དོན་དེ། ལོ་ལྟར་ལོ་མགོར་ཁུལ་བཟོ་ལས་དང་ཆ་འཕྲིན་ཅུ་ཡིས་ཁུལ་ནོར་སྲིད་ཅུ་དང་མཉམ་དུ་བརྡ་སྦྱོར་གཏོང་བ་དང་། ཚོང་འགུག་མ་འདྲེན་གྱི་རྣམ་གྲངས་རེ་ཞུ་བྱེད་མཁན་གྱི་སྡེ་ཁག་གིས་རེ་ཞུའི་ཕྱོགས་སྟོན་གྱི་བླང་བྱ་གཞིར་བཟུང་ནས་གནས་ཡུལ་རྫོང་གི་བཟོ་ལས་དང་ཆ་འཕྲིན་ཅན་ཅུ་ལ་རེ་ཞུ་བྱས་ཏེ། འབྲེལ་ཡོད་ཀྱི་སྙན་ཞུའི་དཔྱད་ཡིག་མཁོ་འདོན་བྱེད་པ་དང་། གནས་ཡུལ་རྫོང་གི་བཟོ་ལས་ཆ་འཕྲིན་ཅན་དང་ནོར་སྲིད་སྡེ་ཁག་གིས་རིམ་བཞིན་ཞིབ་བཤེར་དང་ཕྱོགས་སྡོམ་བྱས་རྗེས། ཁུལ་བཟོ་ལས་དང་ཆ་འཕྲིན་ཅུ་དང་ཁུལ་ནོར་སྲིད་ཅུ་ལ་མཉམ་འབྲེལ་ཐོག་སྙན་སེང་ཞུ་དགོས།

དོན་ཚན་ཞེ་ལྔ་པ། ཡིག་ཐོག་སྙན་ཞུར་གཤམ་གསལ་གྱི་དཔྱད་ཡིག་འདོན་སྤྲོད་བྱེད་དགོས་སྟེ།

(གཅིག)མ་འཇོག་མཉམ་ལས་ཀྱི་གྲོས་མཐུན་དང་། རྣམ་གྲངས་ཐོ་འགོད་སྙན་སེང་གི་བརྡ་སྦྱོར་རམ་ཡང་ན་ཞིབ་བཤེར་ཆོག་མཆན་གྱི་མཆན་བཀོད་བཀའ་ལན།

(གཉིས)མ་དངུལ་གྱི་གྲངས་འབོར་ར་སྤྲོད་ཡིག་ཆ་དམིགས་སར་འབྱོར་དགོས། མ་དངུལ་གྱི་ཡོང་ཁུངས་དང་། མ་འཇོག་རྣམ་གྲངས་ཀྱི་གན་རྒྱ། མ་འཇོག་གྲོས་མཐུན་བཅས་དམིགས་སར་འབྱོར་བ། རྩིས་གཉེར་པའི་ལས་དོན་ཁང་གིས་བཏོན་པའི་མ་དངུལ་ཞིབ་བཤེར་གྱི་སྙན་ཞུ་དང་། དངུལ་ཁང་གི་ནང་འདྲེན་རྩིས་ཐོ། རྩིས་འགོད་དཔང་ཡིག

(གསུམ།)ནང་འདྲེན་རྣམ་གྲངས་ཡོངས་འགྲུབ་བྱས་པའི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་དཔང་ཡིག( སྡོམ་རྩིས་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་བྱས་པ་གཞིར་འཛིན་པ།)  

(བཞི།)རྣམ་གྲངས་ལས་མཇུག་སྒྲིལ་བའི་ཞིབ་བཤེར་རྩིས་ལེན་དང་ཐོན་སྐྱེད་བྱེད་མགོ་ཚུགས་པའི་ཞིབ་བཤེར་རྩིས་ལེན་གྱི་ཡི་གེ ( ལས་རིགས་གཙོ་གཉེར་རམ་ཡང་ན་ལྟ་སྐུལ་དོ་དམ་སྡེ་ཁག་གིས་བཏོན་པ་ཚད་གཞིར་འཛིན་པ།)

(ལྔ།)ལས་གཉེར་ལག་ཁྱེར་དང་ཁྲིམས་མིའི་གོ་ཆོད་ཐོབ་ཐང་དཔང་ཡིག དེ་བཞིན་རྣམ་གྲངས་སྡེ་ཁག་གིས་ལོ་འཁོར་གོང་མར་རྩིས་གཉེར་པའི་དོན་གཅོད་ཁང་གིས་རྩིས་བཤེར་བྱས་པའི་ནོར་དོན་རྩིས་གཉེར་སྙན་ཞུ་དང་། ཆེད་དོན་རྩིས་བཤེར་སྙན་ཞུ། ཡིད་རྟོན་སྙན་ཞུ།

(དྲུག)སྤྲོད་དགོས་པའི་འབྲེལ་ཡོད་ངོས་འཛིན་ཡིག་རིགས་གཞན་དག

དོན་ཚན་ཞེ་དྲུག་པ། ཚོང་འགུག་མ་འདྲེན་གྱི་རེ་ཞུའི་རྣམ་གྲངས་དེ་ཞིབ་དཔྱད་འཆར་འགོད་བཟོས་ནས་རྒྱབ་སྐྱོར་རྣམ་གྲངས་ཡོངས་བསྒྲགས་བྱས་ཏེ། བསམ་འཆར་མི་མཐུན་པ་མེད་ཚེ་ཁུལ་སྲིད་གཞུང་ལ་ཞིབ་འཇུག་བྱ་རྒྱུར་འབུལ་རྒྱུ་དང་། ཁུལ་ནོར་སྲིད་ཀྱིས་ཁུལ་སྲིད་གཞུང་གི་གྲོས་ཚོགས་ཀྱི་ཟིན་བྲིས་གནད་བསྡུས་གཞིར་བཟུང་ནས《ཁུལ་རིམ་པ་དེའི་སྔོན་རྩིས་མ་དངུལ་དོ་དམ་བྱེད་ཐབས》ཀྱི་གོ་རིམ་ལྟར་མ་དངུལ་གཤམ་སྤྲོད་བྱེད་དགོས།

དོན་ཚན་ཞེ་བདུན་པ། རྫོང་སོ་སོའི་བཟོ་ལས་དང་ཆ་འཕྲིན་ཅུ་ཡིས་རྣམ་གྲངས་སྙན་ཞུ་འབུལ་མཁན་སྡེ་ཁག་ལ་གཏན་འབེབས་ལྟར་བྱ་དགའི་དངུལ་ལེན་རྒྱུའི་བརྡ་སྦྱོར་གཏོང་རྒྱུ་དང་། བྱ་དགའ་སྤྲོད་པའི་བརྡ་སྦྱོར་བཏང་ནས་ཟླ་གསུམ་ནང་བྱ་དགའི་དངུལ་མ་བླངས་ཚེ་རང་འགུལ་ངང་དོར་བར་བརྩི་དགོས།

ལེའུ་བཅུ་བ། ཞར་བྱུང་དོན་ཚན།

དོན་ཚན་ཞེ་བརྒྱད་པ། རིམ་པ་དེའི་ཚོང་འགུག་མ་འདྲེན་གྱི་བྱ་དགའི་རིགས་སྲིད་ཇུས་མང་པོའི་གཏན་འབེབས་དང་མཐུན་པའི་རིགས་ལ། མཐོ་ནའང་བསྐྱར་ཟློས་མི་བྱེད་པའི་རྩ་དོན་ལྟར་བྱ་དགའ་སྤྲོད་རྒྱུ་དང་། བྱ་དགའི་མ་དངུལ་གྱི་ཁྲལ་འབྲེལ་གཏོང་སྒོ་དེ་བྱ་དགའ་ཐོབ་མཁན་གྱིས་འགན་ཁུར་དགོས།

དོན་ཚན་ཞེ་དགུ་བ། བྱེད་ཐབས་འདི་ལག་བསྟར་བྱེད་རིང་། གོང་རིམ་སྲིད་ཇུས་ཀྱི་བྱ་དགའ་ཐོབ་ཡོད་ན། ཡང་བསྐྱར་བྱ་དགའ་མི་སྤྲོད། གོང་རིམ་གྱི་བྱ་དགའི་དངུལ་གྲངས་དེ་བྱེད་ཐབས་འདིའི་ཚད་གཞིར་མ་ལོན་པའི་རིགས་ལ་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ནོར་སྲིད་ཀྱིས2::8ཀྱི་བསྡུར་ཚད་ལྟར་རིམ་པ་དབྱེ་ནས་ཁ་གསབ་བྱེད་དགོས་པ་དང་། གལ་ཏེ་རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་ལེགས་སྒྲིག་བྱས་ཚེ་བླང་བྱ་གསར་པ་དང་། གཏན་འབེབས་གསར་པ། ཚད་གཞི་གསར་པ་བཅས་གཞིར་བཟུང་ནས་ལག་བསྟར་བྱེད་དགོས།

དོན་ཚན་ལྔ་བཅུ་བ། གལ་ཏེ་རེ་ཞུའི་བྱ་དགའ་ཐོབ་མཁན་ལ་བྱེད་ཐབས་འདི་བཟོ་བཅོས་རྒྱག་པའི་གནས་ཚུལ་དང་འཕྲལ་ཚེ། རེ་ཞུའི་བྱ་དགའ་གཏན་ཁེལ་གྱི་ཐོ་འགོད་དུས་ཚོད་དེ་བྱེད་ཐབས་གསར་པ་བཟོ་བཅོས་མ་བརྒྱབ་གོང་ཡིན་པ་མ་ཟད། བྱ་དགའི་ཆ་རྐྱེན་འཛོམས་ཡོད་ཚེ་སྔར་བཞིན་བྱེད་ཐབས་འདི་གཞིར་བཟུང་ནས་ལག་བསྟར་བྱེད་དགོས།

དོན་ཚན་ང་གཅིག་པ། བྱེད་ཐབས་འདི་མཚོ་བྱང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ་ཡིས་འགྲེལ་བཤད་རྒྱག་འགན་ཁུར་རྒྱུ་དང་། ལག་བསྟར་བྱེད་རིང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་བྱས་ཚེ་སྲིད་ཇུས་ཀྱི་གཏན་འབེབས་གསར་ཤོས་ཚད་གཞིར་འཛིན་དགོས།

དོན་ཚན་ང་གཉིས་པ། བྱེད་ཐབས་འདི་དཔར་འགྲེམ་བྱས་ནས་ཉིན30འགོར་རྗེས་ལག་བསྟར་བྱེད་དགོས་པ་དང་། གོ་ཆོད་པའི་དུས་ཚོད་ནི2023ལོའི་ཟླ1ཚེས1ཉིན་ནས2025ལོའི་ཟླ12ཚེས31ཉིན་བར་ཡིན།



本期证报PDF文件