དེ་རིང་ནི2025ལོའི་ཟླ11པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི་མཁར་གྲོང་ལས་བཟོ་པའི་སྨན་བཅོས་འགན་ལེན་གྱི་འབྲེལ་ཡོད་སྲིད་ཇུས་བཟོ་བཅོས་དང་འཐུས་ཚང་དུ་བཏང་བ》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

2025-09-19 11:27:12   |   973

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་སྲིད་དོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི་མཁར་གྲོང་ལས་བཟོ་པའི་སྨན་བཅོས་འགན་ལེན་གྱི་འབྲེལ་ཡོད་སྲིད་ཇུས་བཟོ་བཅོས་དང་འཐུས་ཚང་དུ་བཏང་བ》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར།  ཁུལ་སྲིད་གཞུང་གི་སྡེ་ཁག་དང་ལས་ཁུངས་སོ་སོར།

ཀྲུང་གུང་མཚོ་བྱང་ཁུལ་ཨུ་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི་མཁར་གྲོང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ལམ་ལུགས་ལག་བསྟར་བྱ་ཐབས་དང་དེ་བཞིན་ཆ་སྡེབ་ཡིག་ཆ་དཔར་འགྲེམས་སྐོར་གྱི་བརྡ་སྦྱོར》(བྱང་གཞུང་ལས་ཁང〔2012〕ཨང108པ)གྱི་བླང་བྱ་ལྟར། མིག་སྔའི་སྨན་བཅོས་འགན་བཅོལ་ལམ་ལུགས་སྒྱུར་བཅོས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་མཚོ་བྱང་ཁུལ་གྱི་མཁར་གྲོང་ལས་བཟོ་པའི་སྨན་བཅོས་གུན་སྐྱོབ་སྲིད་ཇུས་དེ2012ལོར་བཟོ་བཅོས་བྱས་པའི་ཚུན་ཏུ། ལོ་མང་པོར་བེད་སྤྱོད་བྱས་ཏེ། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ལས་བཟོ་པར་སྲ་ཞིང་བརྟན་པའི་སྨན་བཅོས་འགན་སྲུང་མཁོ་འདོན་བྱས་ཤིང་། ནད་བཅོས་བྱེད་དཀའ་བ་དང་ནད་བཅོས་བྱེད་པར་འགྲོ་སོང་མཐོ་བའི་གནད་དོན་ཕན་འབྲས་ལྡན་པའི་སྒོ་ནས་ཐག་གཅོད་བྱས་ཡོད། འོན་ཀྱང་། སྨན་བཅོས་འགན་བཅོལ་ལས་དོན་གྱི་འཕེལ་རྒྱས་དང་བསྟུན་ནས་སྲིད་ཇུས་བྱེད་ཐབས་ཁ་ཤས་ཤིག་མིག་སྔའི་སྨན་བཅོས་འགན་བཅོལ་བྱ་བའི་འཕེལ་རྒྱས་གྱི་དངོས་ཡོད་དང་མི་འཚམ་པས་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས57པའི་ཐོག་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་བ་བརྒྱུད་གཤམ་གསལ་གྱི་སྲིད་ཇུས་ནང་དོན་དྲུག་ལ་ལེགས་སྒྲིག་བྱས་པས་དེ་ལྟར་ལག་བསྟར་བྱེད་རོགས་ཞུ།

གཅིག སྤྱི་ཕན་རང་བཞིན་གྱི་ལས་གནས་མི་སྣའི་བུ་བཙའི་གུན་སྐྱོབ་ཀྱི་གཏན་འབེབས་དོན་ཚན་ཁ་སྣོན་བྱས་པ།

《མཚོ་བྱང་ཁུལ་གྱི་མཁར་གྲོང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ལམ་ལུགས་ལག་བསྟར་ཞིབ་སྲོལ》གྱི་དོན་ཚན་དྲུག་པའི་ནང་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་ཡོད་པའི་ལས་ཐོག་མི་སྣའི་བུ་བཙའི་གུན་སྐྱོབ་གྱི་ནང་དོན་ཁ་སྣོན་བྱས་ཏེ། མི་སྤྱོད་ལས་ཁུངས་ཀྱིས་ལས་ཐོག་ལས་བཟོ་པའི་གླ་ཕོགས་སྡོམ་འབོར་གྱི0.5%ལྟར་གུན་སྐྱོབ་མ་དངུལ་སྤྲོད་པ་དང་། ཕྲུ་གུ་བཙའ་རིང་གི་སྨན་ཁང་དུ་ཞག་སྡོད་བྱས་པ་དང་སྒོ་བསྟེན་སྨན་བཅོས་ཀྱི་ཐོབ་ཐང་ལོངས་སྤྱོད་བྱ་རྒྱུ།  འོན་ཀྱང་བུ་བཙའི་ཕོགས་སྣོན་ལོངས་སྤྱོད་བྱ་རྒྱུ་མེད།

གཉིས། ལས་བཟོའི་གྲངས་འབོར་ཆེ་བའི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་གྲངས་འབོར་ཁ་གསབ་བྱེད་པར་བཟོ་བཅོས་བྱས་པ།

《མཚོ་བྱང་ཁུལ་གྱི་མཁར་གྲོང་ལས་བཟོའི་གྲངས་འབོར་ཆེ་བའི་ཁ་གསབ་སྨན་བཅོས་འགན་བཅོལ་གྱི་ཚོད་ལྟའི་བྱ་ཐབས》ཀྱི་དོན་ཚན་གསུམ་པ་དེ་ལས་བཟོའི་གྲངས་འབོར་ཆེ་བའི་སྨན་བཅོས་འགན་བཅོལ་ཁ་གསབ་མི་རེར་ལོ་རེར་སྒོར120ཡིན་པ་དང་། ལས་བཟོ་མི་སྒེར་གྱིས་འཇལ་དགོས་པར་བཟོ་བཅོས་བྱས་པ།

གསུམ། ལས་བཟོ་པས་སྨན་བཅོས་འགན་བཅོལ་གྱི་མ་དངུལ་སྤྲད་མེད་པའི་འབྲེལ་ཡོད་དོན་ཚན་ལ་བཟོ་བཅོས་བྱས་པ།

《མཚོ་བྱང་ཁུལ་གྱི་མཁར་གྲོང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ལག་བསྟར་བྱ་ཐབས》ཀྱི་དོན་ཚན་ཉེར་ལྔ་པའི་ནང“གཞི་རྩའི་སྨན་བཅོས་འགན་བཅོལ་གྲོན་དངུལ་དུས་ཐོག་ཏུ་འདང་ངེས་འཇལ་སྤྲོད་མ་བྱས་པའི་ལས་ཁུངས་དང་མི་སྒེར་གྱིས་འཇལ་སྤྲོད་བྱས་མེད་པའི་ལོ་དེ་ནས་བཟུང་། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ལོངས་སྤྱོད་བྱེད་མཚམས་འཇོག་པ”ཞེས་པ་དེ་“གཞི་རྩའི་སྨན་བཅོས་འགན་བཅོལ་གྲོན་དངུལ་དུས་ཐོག་ཏུ་འདང་ངེས་འཇལ་སྤྲོད་མ་བྱས་པའི་ལས་ཁུངས་དང་མི་སྒེར་གྱིས་འཇལ་སྤྲོད་བྱས་མེད་པའི་ཟླ་དེ་ནས་བཟུང་། སྨན་བཅོས་འགལ་བཅོལ་གཏོང་སྤྲོད་བྱེད་པའི་ཐོབ་ཐང་མཚམས་འཇོག་པ་དང་། མཚམས་བཞག་པའི་བར་སྐབས་སུ་སྨན་བཅོས་བྱས་པའི་གྲོན་དངུལ་དེ་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་ལས་གཏོང་སྤྲོད་མི་བྱེད་པ་དང་། ཟླ་དེར་ལས་འཁྱུར་བྱེད་པའི་མི་སྣའི་ལས་ཁུངས་དང་མི་སྒེར་གང་རུང་གིས་ཆད་སྤྲོད་བྱས་པའི་སྨན་བཅོས་འགན་བཅོལ་མ་དངུལ་འདང་ངེས་ཀྱིས་སྤྲོད་དགོས་པར”བཟོ་བཅོས་བྱས་ཡོད།

བཞི། གྲངས་འབོར་ཆེ་བའི་བཅོལ་འཛིན་གྱི་གནས་ཐང་འཕར་བའི་སྐྱེད་ཀའི་འབྲེལ་ཡོད་དོན་ཚན་ཁ་སྣོན་བྱས་པ།

《མཚོ་བྱང་ཁུལ་གྱི་མཁར་གྲོང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ལག་བསྟར་བྱ་ཐབས》དོན་ཚན་ཉེར་བཞི་པ་དང་། 《མཚོ་བྱང་ཁུལ་གྱི་མཁར་གྲོང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ལག་བསྟར་ཞིབ་སྲོལ》དོན་ཚན་བཅུ་གཉིས་པའི་ནང་གསེས་དོན་ཚན(གསུམ་པ)དང་། 《མཚོ་བྱང་ཁུལ་གྱི་ལས་བཟོ་པའི་གྲངས་འབོར་ཆེ་བའི་སྨན་བཅོས་འགན་བཅོལ་ལམ་ལུགས་ལག་བསྟར་བྱ་ཐབས》ཀྱི་དོན་ཚན་དྲུག་པར་སོ་སོར“གྲངས་འབོར་ཆེ་བའི་བཅོལ་འཛིན་གྱི་གནས་ཐང་འཕར་བའི་སྐྱེད་ཀ་དེ་ལས་བཟོ་པའི་སྨན་བཅོས་འགན་བཅོལ་ཐེབས་རྩ་ཁག་གི་ཚད་བརྒལ་ཁ་གསབ་བྱེད་པར་སྤྱོད་ཆོག་པའི”གཏན་འཁེལ་ཁ་སྣོན་བྱས་ཡོད།

ལྔ། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩའི་ལོ་འཁོར་གྱི་གཏོང་སྤྲོད་བཅད་གྲངས་དང་རིམ་མཚམས་ནང་གི་འགྲོ་གྲོན་བཟོ་བཅོས་བྱས་པ།

《མཚོ་བྱང་ཁུལ་གྱི་མཁར་གྲོང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ལག་བསྟར་ཞིབ་སྲོལ》གྱི་དོན་ཚན་ཉེར་གཉིས་པའི“གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩའི་ལོ་འཁོར་གྱི་གཏོང་སྤྲོད་དངུལ་འབོར་མཐོ་ཤོས་སྒོར་ཁྲི5ཡིན་པ”ཞེས་པ་དེ“གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩའི་ལོ་འཁོར་གྱི་གཏོང་སྤྲོད་དངུལ་འབོར་མཐོ་ཤོས་སྒོར་ཁྲི10ཡིན་པའི”བཟོ་བཅོས་བྱས་ཡོད། དོན་ཚན་ཉེར་གསུམ་པའི་རིམ་མཚམས་སོ་སོའི་བསྡུར་ཚད་དེ་གཞི་རྩའི་སྨན་བཅོས་ཀྱི་གཅིག་གྱུར་འཆར་འགོད་རིམ་མཚམས་གསུམ་དུ་དབྱེ་ཡོད། རིམ་མཚམས་དང་པོའི་སྙན་ཞུའི་བཅད་གྲངས་ནི་ཐོག་མའི་གཏོང་སྤྲོད་ཚད་གཞི་ནས་སྒོར་ཁྲི2བར་ཡིན། དུམ་མཚམས་གཉིས་པའི་སྙན་ཞུའི་བཅད་གྲངས་སྒོར་ཁྲི2(ཚུད་མེད)ནས་ཁྲི6བར་ཡིན། རིམ་མཚམས་གསུམ་པའི་སྙན་ཞུའི་བཅད་གྲངས་སྒོར་ཁྲི6(ཚུད་མེད)ནས་ཁྲི10བར་ཡིན། སྲིད་ཇུས་ཁྱབ་ཁོངས་ནང་གི་འགྲོ་གྲོན་དེ་རིམ་མཚམས་ཀྱི་བསྡུར་ཚད་གཞི་བཟུང་ནས་རྩིས་ཞུ་བྱེད་པ་དང་འབྲེལ་རིམ་པ་དབྱེ་ནས་སྣོན་པ་དང་། སྤྲོད་མགོ་ཚུགས་པའི་ཚད་གཞི་དང་རྩིས་ཞུའི་བསྡུར་ཚད་དེ་དེ་སྔའི་མཚོ་བྱང་ཁུལ་གྱི་སྲིད་ཇུས་ལ་འགྱུར་ལྡོག་གཏོང་གི་མེད་པ་རེད།

དྲུག ལས་བཟོ་པའི་གྲངས་འབོར་ཆེ་བའི་ཁ་གསབ་སྨན་བཅོས་འགན་བཅོལ་ཀྱི་རིམ་མཚམས་སུ་ཞུགས་པའི་འགྲོ་གྲོན་ལ་བཅོ་བཟོས་བྱས་པ།

《མཚོ་བྱང་ཁུལ་གྱི་མཁར་གྲོང་ལས་བཟོ་པའི་གྲངས་འབོར་ཆེ་བའི་ཁ་གསབ་སྨན་བཅོས་འགན་བཅོལ་གྱི་ཚོད་ལྟའི་བྱ་ཐབས》ཀྱི་དོན་ཚན་དགུ་པ་དེ་ལས་བཟོ་པའི་གཞི་རྩའི་སྨན་བཅོས་གཅིག་གྱུར་འཆར་འགོད་ཐེབས་རྩའི་གཏོང་སྤྲོད་བཅད་གྲངས་ལས་བརྒལ་བའི་འགྲོ་གྲོན་དེ་རང་འགུལ་ངང་གྲངས་འབོར་ཆེ་བའི་སྨན་བཅོས་ཁ་གསབ་ནང་ཞུགས་རྒྱུ་ཞེས་པར་བཟོ་བཅོས་བྱས་ཡོད། གྲངས་འབོར་ཆེ་བའི་འགྲོ་གྲོན་དེ་རིམ་མཚམས་གསུམ་དུ་དབྱེ་ཡོད་པ་དང་། རིམ་མཚམས་དང་པོའི་སྙན་ཞུའི་བཅད་གྲངས་ནི་གཞི་རྩའི་སྨན་བཅོས་གཅིག་གྱུར་འཆར་འགོད་ཀྱི་བཅད་གྲངས་མཐོ་ཤོས་སྒོར་ཁྲི10(ཚུད་མེད)ནས་སྒོར་ཁྲི་15བར་ཡིན་པ་དང་། རིམ་མཚམས་གཉིས་པའི་རེ་ཞུའི་བཅད་གྲངས་སྒོར་ཁྲི15(ཚུད་མེད)ནས་ཁྲི20བར་ཡིན། རིམ་མཚམས་གསུམ་པའི་རེ་ཞུའི་བཅད་གྲངས་སྒོར་ཁྲི20(ཚུད་མེད)ནས་ཁྲི30བར་ཡིན། སྲིད་ཇུས་ཁྱབ་ཁོངས་ནང་གི་འགྲོ་གྲོན་དེ་རིམ་མཚམས་སོ་སོའི་བསྡུར་ཚད་ལྟར་རྩིས་ཞུ་བྱེད་པ་དང་འབྲེལ་རིམ་མཚམས་ལྟར་ཁ་སྣོན་ཏེ་མཐོ་ཤོས་སྒོར་ཁྲི30ཡིན་པ་རེད། འགྲོ་སོང་རྩིས་ཞུའི་བསྡུར་ཚད་དེ་དེ་སྔའི་མཚོ་བྱང་ཁུལ་གྱི་སྲིད་ཇུས་ལ་འགྱུར་ལྡོག་གཏོང་གི་མེད་པ་རེད།

བདུན། གཏན་འབེབས་གཞན་དག

(གཅིག)སྲིད་ཇུས་གཞན་དག་མུ་མཐུད་དུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི་མཁར་གྲོང་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ལག་བསྟར་བྱ་ཐབས་དང་ཆ་སྡེབ་ཡིག་ཆ་དཔར་འགྲེམས་བྱེད་པའི་ཐད་ཀྱི་བརྡ་སྦྱོར》(བྱང་གཞུང་ལས་ཁང་གི[2012]ཡིག་ཨང108པ)ལྟར་ལག་བསྟར་བྱེད་རྒྱུ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའི་སྲིད་ཇུས་གཞན་དག་ལ་གཏན་འབེབས་གཞན་ཡོད་རིགས་གཏན་འབེབས་དེ་གཞིར་བཟུང་ནས་ལག་བསྟར་བྱེད་རྒྱུ།

(གཉིས)བརྡ་སྦྱོར་འདི2025ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་མཚོ་བྱང་ཁུལ་སྨན་བཅོས་འགན་སྲུང་ཅུའི་འགྲེལ་བཤད་རྒྱག་འགན་འཁུར་རྒྱུ།       

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས།

2025ལོའི་ཟླ3པའི་ཚེས14ཉིན།

སངས་དོན་གྱིས་བསྒྱུར།


སྐབས་སྔོན་མ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་གྱི་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་ལོ་གསུམ་བྱ་སྤྱོད་ཀྱི་ལས་བགོས་ཇུས་གཞི(2024—2026)》དཔར་འགྲེམ་བྱེད་པའི་སྐོར་གྱི་བརྡ་སྦྱོར
སྐབས་རྗེས་མ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི2025ལོ་འཁོར་གྱི་ཁྲིམས་འཛུགས་ལས་ཀའི་འཆར་གཞི》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།
མཉམ་སྤྱོད།