དེ་རིང་ནི2025ལོའི་ཟླ09པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《ཁུལ་མན་གྱི་ནོར་སྲིད་སྒྲིག་སྲོལ་སྒྱུར་བཅོས་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་ལག་བསྟར་ཇུས་གཞི》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

2025-09-30 10:35:24   |   27

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《ཁུལ་མན་གྱི་ནོར་སྲིད་སྒྲིག་སྲོལ་སྒྱུར་བཅོས་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་ལག་བསྟར་ཇུས་གཞི》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོར།

《ཁུལ་མན་གྱི་ནོར་སྲིད་སྒྲིག་སྲོལ་སྒྱུར་བཅོས་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》ལ་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས58པ་དང་ཁུལ་ཨུའི་རྒྱུན་ཨུའི་ཚོགས་འདུ་ཐེངས88པའི་ཐོག་གྲོས་ཞིབ་བརྒྱུད་གྲོས་འཆམ་བྱུང་བས། ད་ལྟ་ཁྱེད་ཚོར་དཔར་འགྲེམ་བྱ་རྒྱུ་ཡིན་པ་དང་། ལག་བསྟར་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་དགོས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས།

2025ལོའི་ཟླ3པའི་ཚེས19ཉིན།

(ཡིག་ཆ་འདི་ཡོངས་བསྒྲགས་བྱས་ཡོད།)

ཁུལ་མན་གྱི་ནོར་སྲིད་སྒྲིག་སྲོལ་སྒྱུར་བཅོས་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི།

འགན་དབང་བཀོད་སྒྲིག་སྔར་བས་ཁ་གསལ་དང་། ཡོང་འབབ་དབྱེ་འབྱེད་སྔར་བས་ཚད་ལྡན། ནོར་ཤུགས་ཁྱབ་ཚུལ་སྔར་བས་དོ་སྙོམས། གཞི་རིམ་འགན་ལེན་སྔར་བས་ནུས་ལྡན་བཅས་ཀྱི་ཁུལ་མན་གྱི་ནོར་སྲིད་སྒྲིག་སྲོལ་སྔར་ལས་ལྷག་པ་འཛུགས་ཆེད། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་ཞིང་ཆེན་མན་གྱི་ནོར་སྲིད་སྒྲིག་སྲོལ་བཅོས་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》(རྒྱལ་གཞུང་སྤེལ〔2022〕ཨང20པ)དང《མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས་ཞིང་ཆེན་མན་གྱི་ནོར་སྲིད་སྒྲིག་སྲོལ་སྒྱུར་བཅོས་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི་དཔར་འགྲེམ་བྱེད་པའི་སྐོར་གྱི་བརྡ་སྦྱོར》(མཚོ་སྲིད་གཞུང〔2024〕ཨང49པ)གྱི་བླང་བྱ་གཞིར་བཟུང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་ཇུས་གཞི་འདི་གཏན་འབེབས་བྱས་པ་ཡིན།

གཅིག སྒྱུར་བཅོས་ཀྱི་དམིགས་འབེན།

ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་དེང་རབས་ནོར་སྲིད་ལམ་ལུགས་འཛུགས་པའི་སྤྱིའི་བླང་བྱ་གཞིར་བཟུང་། ཞིང་ཆེན་མན་གྱི་སྲིད་གཞུང་བར་གྱི་ནོར་སྲིད་འབྲེལ་བ་སྔར་བས་མཐུན་སྦྱོར་ཡོང་བར་བྱེད་པ་དང་། འགན་དབང་བཀོད་སྒྲིག་སྔར་བས་ལུགས་མཐུན་དང་། ཡོང་འབབ་དབྱེ་འབྱེད་སྔར་བས་ཚད་ལྡན། ནོར་ཤུགས་ཁྱབ་ཚུལ་སྔར་བས་དོ་སྙོམས། གཞི་རིམ་འགན་ལེན་སྔར་བས་ནུས་ལྡན་བཅས་ཀྱི་ཁུལ་མན་གྱི་ནོར་སྲིད་སྒྲིག་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་མཇུག་ཏུ་ཁྱབ་ཁོངས་གཙོ་བོའི་ཁུལ་དང་རྫོང་གི་ནོར་སྲིད་དོན་དབང་དང་གཏོང་སྒོའི་འགན་དབང་དབྱེ་འབྱེད་སྒྱུར་བཅོས་འགན་ལེན་ཡོངས་འགྲུབ་བྱེད་པ་དང་། ནོར་སྲིད་དོན་དབང་གསལ་ཐོ་ཅན་གྱི་དོ་དམ་མངོན་འགྱུར་ལ་སྐུལ་འདེད་བཏང་ནས། ཁུལ་མན་གྱི་ནོར་སྲིད་དོན་དབང་དང་གཏོང་སྒོའི་འགན་དབང་དབྱེ་འབྱེད་ཀྱི་སྒྲོམ་གཞི་གསལ་པོ་ཆགས་པར་བྱེད་དགོས། སྔར་ལས་གཅིག་གྱུར་དང་ཚད་ལྡན་གྱི་ཡོང་འབབ་དབྱེ་འབྱེད་སྒྲིག་སྲོལ་ལེགས་སྒྲིག་དང་ལག་བསྟར་བྱེད་པ་དང་། ཁུལ་མན་གྱི་ནོར་ཤུགས་ཀྱི་རྣམ་པ་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་བྱས་ཏེ། ནོར་ཤུགས་བཀོད་སྒྲིག་བྱ་རྒྱུ་དེ་རིམ་པ་སོ་སོའི་སྲིད་གཞུང་གིས་འཁུར་བའི་ནོར་སྲིད་དོན་དབང་དང་གཏོང་སྒོའི་འགན་འཁྲིར་སྔར་བས་འཚམ་པ་བྱས་ཐོག རིམ་པ་སོ་སོའི་དཔལ་འབྱོར་འཕེལ་རྒྱས་དང་ནོར་ཁུངས་གསོ་སྐྱོང་བྱེད་པའི་ཧུར་སེམས་སྔར་བས་འཕེལ་བ་བྱས་ནས། རྫོང་རིམ་པའི་སྲིད་གཞུང་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།

གཉིས། བྱེད་ཐབས་གཙོ་བོ།

(གཅིག)ཁྱབ་ཁོངས་དབྱེ་ནས་ཁུལ་དང་རྫོང་གི་ནོར་སྲིད་དོན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་མགྱོགས་སུ་གཏོང་དགོས།

1.ནོར་སྲིད་དོན་དབང་གི་གསལ་ཐོའི་ལམ་ལུགས་འཛུགས་དགོས། ཞིང་ཆེན་དང་ཁུལ་གྱི་ཐུན་མོང་ནོར་སྲིད་དོན་དབང་གི་གསལ་ཐོའི་རྨང་གཞིའི་ཐོག ཁུལ་ནོར་སྲིད་ཅུ་ཡིས་ལས་རིགས་གཙོ་གཉེར་སྡེ་ཁག་དང་མཉམ་དུ་ཁུལ་རིམ་པའི་ནོར་སྲིད་དོན་དབང་དང་། ཁུལ་དང་རྫོང་གི་ཐུན་མོང་ནོར་སྲིད་དོན་དབང་གི་གསལ་ཐོ་གསེད་བཀྲོལ་སྒོས་ཆགས་པར་བྱས་ནས། རྫོང་རིམ་པའི་ནོར་སྲིད་དོན་དབང་གི་གསལ་ཐོའི་ལམ་ལུགས་དུས་མཉམ་དུ་འཛུགས་རྒྱུར་མཛུབ་ཁྲིད་དང་། ནོར་སྲིད་དོན་དབང་གི་རྣམ་གྲངས་དང་། རིམ་པ་སོ་སོའི་འགན་ལེན་ཚད་གཞི། གཏོང་སྒོའི་འགན་དབྱེའི་སྡུར་ཚད། ཁ་གཏད་སྤོ་སྒྱུར་གཏོང་སྤྲོད་སོགས་ཀྱི་བདག་རྐྱེན་ཁ་གསལ་བཟོ་དགོས། ནོར་སྲིད་དོན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་སྒྱུར་བཅོས་སྔར་བས་ཁ་གསལ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་གཙོ་བོའི་ཐུན་མོང་གི་ནོར་སྲིད་དོན་དབང་དབྱེ་འབྱེད་འགན་ལེན་ཡོངས་འགྲུབ་བྱས་ཏེ། ནོར་སྲིད་དོན་དབང་གི་གསལ་ཐོ་བཟོ་རྒྱུ་དེ་ཁྱབ་ཁོངས་དབྱེ་བའི་ཐུན་མོང་གི་དོན་དབང་དབྱེ་འབྱེད་སྒྱུར་བཅོས་ཀྱི་དགོས་ངེས་ནང་དོན་དུ་བརྩིས་ནས། ནོར་སྲིད་དོན་དབང་ཞིབ་ཕྲ་ཅན་དང་། དོན་ཚན་ཅན། ཚད་ལྡན་ཅན་གྱི་དོ་དམ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས།

2.ནོར་སྲིད་དོན་དབང་གི་དབྱེ་འབྱེད་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཡོང་འབབ་ཁྱབ་ཁོངས་དང་ཆ་འཕྲིན་དོ་དམ་གྱི་རྙོག་འཛིང་གི་ཚད་སོགས་དོན་དབང་གི་ངོ་བོར་གཞིགས་ཐོག ཁུལ་དང་རྫོང་སྲིད་གཞུང་གི་སྲིད་འཛིན་སྒྲོམ་གཞི་དང་དོ་དམ་ཁྱད་ཆོས་ལ་ཟུང་འབྲེལ་བྱས་ཏེ། ཁུལ་དང་རྫོང་གི་ནོར་སྲིད་དོན་དབང་གསལ་པོ་བཟོ་དགོས། སྨན་བཅོས་འཕྲོད་བསྟེན་ནུས་པ་འཛུགས་སྐྲུན་དང་གཙོ་གནད་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་སོགས་ཐད་ཀྱི་ཁུལ་རིམ་པའི་ནོར་སྲིད་དོན་དབང་ཆེ་རུ་འོས་འཚམ་གཏོང་དགོས། ཐད་ཀར་གཞི་རིམ་ལ་ཁ་ཕྱོགས་པ་དང་། རྫོང་རིམ་པའི་སྲིད་གཞུང་གིས་སྔར་ལས་སྟབས་བདེ་ཞིང་ཕན་ནུས་ལྡན་པའི་སྤྱི་ཚོགས་བདེ་སྐྱོང་དང་། གྲོང་སྲིད་ཀྱི་འགྲིམ་འགྲུལ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་སྲུང་སྐྱོང་། སྤྱི་པའི་སྒྲིག་བཀོད་དོ་དམ། ས་གནས་རིག་གནས་ཤུལ་བཞག་སྲུང་སྐྱོབ་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ་དེ་རྫོང་རིམ་པའི་ནོར་སྲིད་དོན་དབང་ལ་གཏན་འཁེལ་བྱེད་དགོས།

3.ནོར་སྲིད་གཏོང་སྒོའི་འགན་འཁྲི་གསལ་པོ་བཟོ་དགོས། “སུ་ཞིག་གི་ནོར་སྲིད་དོན་དབང་ཡིན་ན་དེས་གཏོང་སྒོའི་འགན་འཁྲི་འཁུར་བའི”རྩ་དོན་གཞིར་བཟུང་། ཁུལ་རིམ་པའི་ནོར་སྲིད་དོན་དབང་དེ་ཁུལ་རིམ་པས་གཏོང་སྒོའི་འགན་འཁྲི་འཁུར་དགོས་པ་དང་། རྫོང་རིམ་པར་ལག་བསྟར་བྱ་རྒྱུར་མངགས་བཅོལ་བྱེད་དགོས་རིགས་ཆེད་དོན་སྤོ་སྒྱུར་གཏོང་སྤྲོད་འདང་ངེས་བཀོད་སྒྲིག་བྱེད་དགོས། རྫོང་རིམ་པའི་ནོར་སྲིད་དོན་དབང་དེ་རྫོང་རིམ་པས་གཏོང་སྒོའི་འགན་འཁྲི་འཁུར་དགོས་པ་དང་། ཁུལ་རིམ་པའི་ཁུར་པོ་དེ་རྫོང་རིམ་པས་འཁུར་དགོས་པའི་གཏོང་སྒོའི་འགན་འཁྲི་ཕྱོགས་ཡོངས་ནས་གཙང་བཤེར་བྱེད་པ་མ་ཟད་རིམ་བཞིན་མེད་པར་བཟོ་དགོས་པ་དང་། གཏོང་སྒོའི་འགན་འཁྲི་སྒྲུབ་རིང་ཐོན་པའི་ནོར་ཤུགས་ཀྱིས་མི་འདང་བའི་རིགས་ལ། མ་རྩ་རང་བཞིན་གྱི་གཏོང་སྒོ་ཁག་ཅིག་ས་གནས་སྲིད་གཞུང་གི་བུན་འཛིན་བཀོད་སྒྲིག་རེ་ཞུ་བྱེད་པ་ཕུད། གཙོ་བོ་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་དང་འགྱུར་མེད་རང་བཞིན་མིན་པའི་གཏོང་སྒོ་ཚོད་འཛིན་ནན་པོ་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁ་གསབ་བྱེད་དགོས། ཁུལ་དང་རྫོང་གི་ཐུན་མོང་ནོར་སྲིད་དོན་དབང་དེ་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ནོར་སྲིད་གཏོང་སྒོའི་འགན་འཁྲི་ཡི་འགན་དབྱེའི་སྡུར་ཚད་ཁ་གསལ་བཟོས་ནས། ཁུལ་དང་རྫོང་གི་ནོར་ཤུགས་ཆ་སྙོམས་བྱེད་ཚད་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད། གཏོང་སྒོའི་མ་གནས་ཀྱི་ཧེ་བག་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་གང་ལེགས་བྱས་ཐོག རྫོང་སོ་སོའི་ནོར་སྲིད་གཏོང་སྒོའི་འགན་འཁྲི་ཧེ་བག་ཅན་གཏན་འཁེལ་བྱས་ཏེ། རྫོང་ཉིད་སྡེ་ཚན་བྱས་པའི་རིགས་དབྱེ་རིམ་དབྱེ་འགན་དབྱེའི་སྡུར་ཚད་རིམ་བཞིན་ལག་བསྟར་བྱས་ནས། ཁུལ་དང་རྫོང་གི་ནོར་ཤུགས་ཐུན་མོང་དབང་ཆ་སྙོམས་སྒྲིག་བྱེད་ཚད་མཐོ་རུ་གཏོང་དགོས། ཁྱབ་ཁོངས་དབྱེ་བའི་སྒྱུར་བཅོས་ཇུས་གཞི་གསར་དུ་འདོན་སྐབས། ས་ཁུལ་གཅིག་པའི་ཁྱབ་ཁོངས་མི་འདྲ་བའི་ཐུན་མོང་གི་ནོར་སྲིད་དོན་དབང་གི་གཏོང་སྒོའི་འགན་འཁྲི་འཁུར་བའི་སྡུར་ཚད་དེ་རྩ་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། སྒྱུར་བཅོས་ཀྱི་ཇུས་གཞི་བཏོན་ཟིན་པ་དག་རིམ་བཞིན་སྡུར་ཚད་གཅིག་མཚུངས་སུ་ལེགས་སྒྲིག་བྱེད་དགོས།

4.སྒྱུར་བཅོས་ངོས་ལེན་དོན་འཁྱོལ་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ཁུལ་ནོར་སྲིད་ཅུ་དང་དེ་བཞིན་ལས་རིགས་གཙོ་འདོམས་སྡེ་ཁག་གིས་ཞིང་ཆེན་དང་ཁུལ་གྱི་ཁྱབ་ཁོངས་དབྱེ་བའི་ནོར་སྲིད་དོན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་སྒྱུར་བཅོས་ལ་རྗེས་སྙེག་ཧུར་ཐག་དང་། ཁྱབ་ཁོངས་དབྱེ་བའི་སྒྱུར་བཅོས་འགན་འཁྲི་རང་འགུལ་ངང་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཡིག་ཆའི་ནང་ཁུལ་དང་རྫོང་གི་ནོར་སྲིད་དོན་དབང་གི་ཁོངས་སུ་གཏོགས་པའི་ཁྱབ་ཁོངས་ཁ་གསལ་བཟོས་ནས་ལོ་གཅིག་ནང་རང་ཁུལ་གྱི་ལག་བསྟར་ཇུས་གཞི་ཞིབ་ཕྲ་བཟོ་བ་མ་ཟད་དོན་འཁྱོལ་གནད་ལ་འཁེལ་བ་བྱེད་དགོས།

5.ནོར་སྲིད་གཏོང་སྒོའི་འགན་འཁྲི་དོ་དམ་ནན་པོ་བྱེད་དགོས། ནོར་སྲིད་ཀྱི་ཐེག་ནུས་དཔྱད་དཔོག་དང་ལས་སྔོན་བྱས་འབྲས་དཔྱད་དཔོག་ཉེར་སྤྱོད་ལམ་སྲོལ་དེ་ཁུལ་དང་རྫོང་གིས་གཏོང་སྒོ་འཕར་སྣོན་གྱི་སྲིད་ཇུས་གལ་ཆེན་དང་སྲིད་གཞུང་གི་དངུལ་འཇོག་རྣམ་གྲངས་གསར་པའི་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ནས། རིམ་པ་དེ་གའི་ནོར་སྲིད་ཀྱི་ཐེག་ནུས་ལས་བརྒལ་བའམ་ཡང་ན་འོག་རིམ་ནོར་སྲིད་ཀྱི་རྒྱུན་མཐུད་མི་ཐུབ་པའི་སྲིད་ཇུས་འདོན་རྒྱུ་སྔོན་འགོག་བྱེད་དགོས། སྡེ་ཁག་སོ་སོས་སྲིད་ཇུས་གཏན་འབེབས་བྱེད་སྐབས་ནོར་སྲིད་ཆེད་སྤྱོད་མ་དངུལ་འཛུགས་པའམ་ནོར་སྲིད་གཏོང་སྒོ་འཕར་སྣོན་གཏོང་རྒྱུ་དང་འབྲེལ་བ་ཡོད་ཚེ། ངེས་པར་དུ་སྔོན་ཚུད་ནས་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱེད་དགོས་པ་དང་། གཅིག་མཐུན་མ་བྱུང་ན་རང་ཤུགས་ཀྱིས་འདོན་མི་ཆོག་པ་དང་། འཕེལ་རྒྱས་དུས་རིམ་དང་ནོར་ཤུགས་ལས་བརྒལ་ནས་རྨོངས་ཚོད་ཀྱིས་སྲིད་ཇུས་འདོན་པ་དང་། སྲིད་ཇུས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ། གཏོང་སྒོའི་ཚད་གཞི་མཐོ་རུ་གཏོང་ཐལ་ཤོར་བ་བཅས་བྱས་མི་ཆོག ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་གཅིག་གྱུར་བླང་བྱ་དང་དེ་བཞིན་ཐུན་མོང་ནོར་སྲིད་དོན་དབང་དེ་ཁུལ་རིམ་པས་འཁུར་དགོས་པའི་གཏོང་སྒོའི་ནང་དོན་ཁག་ཅིག་ཏུ་ཁ་གསལ་བཟོས་པ་ཕུད། ཁུལ་རིམ་པའི་ལས་རིགས་སྡེ་ཁག་གིས་རང་འགུལ་ངང་སྲིད་ཇུས་བཏོན་ནས་རྫོང་རིམ་པས་འཁུར་དགོས་པའི་གཏོང་སྒོའི་འགན་འཁྲི་ཁུར་མི་ཆོག

(གཉིས)ཁུལ་མན་གྱི་སྲིད་གཞུང་བར་གྱི་ཡོང་འབབ་དབྱེ་འབྱེད་སྔར་ལས་མཐུན་སྦྱོར་ཡོང་བ་བྱེད་དགོས།

6.ཁུལ་དང་རྫོང་རིམ་པའི་ཡོང་འབབ་མཉམ་སྤྱོད་བྱེད་སྟངས་ཁ་གསལ་བཟོ་དགོས། ཁུལ་རིམ་པའི་སྙོམས་སྒྲིག་ནུས་པ་འོས་འཚམ་གྱིས་ཆེ་རུ་གཏོང་བ་དང་། ཁུལ་རིམ་པའི་ནོར་སྲིད་གཏོང་སྒོའི་འགན་འཁྲི་དང་། ཁུལ་མན་གྱི་ས་ཁོངས་བར་གྱི་ནོར་ཤུགས་སྙོམས་ཚད། གཏོང་སྒོའི་མ་གནས་ཀྱི་ཧེ་བག ཐོན་ཁུངས་གཅིག་སྡུད་བྱེད་ཚད་བཅས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་བྱས་ཏེ། ཁྲལ་བསྡུའི་ཡོང་འབབ་ཀྱི་ཁུལ་རིམ་པའི་མཉམ་སྤྱོད་སྡུར་ཚད་ལུགས་མཐུན་ངང་གཏན་འཁེལ་བྱས་ཐོག 2025ལོ་ནས་བཟུང་ཐང་འཕར་དཔྱ་ཁྲལ་ལས་ཁུལ་དང་རྫོང་རིམ་པའི་མཉམ་སྤྱོད་ཀྱི་ཁག་དེ་ཁུལ་རིམ་པ་དང་རྫོང་རིམ་པས“ལྔ་ལྔ་མཉམ་སྤྱོད”ལྟར་བྱེད་པ་དང་། རང་བྱུང་དཔྱ་ཁྲལ་ལས་ཁུལ་དང་རྫོང་རིམ་པའི་མཉམ་སྤྱོད་ཀྱི་ཁག་དེ་ཁུལ་རིམ་པ་དང་རྫོང་རིམ་པས“བཞི་དྲུག་མཉམ་སྤྱོད”ལྟར་བྱེད་པ། ཁེ་ལས་ཐོབ་ཁྲལ་དང་མི་སྒེར་ཐོབ་ཁྲལ་ལས་ཁུལ་དང་རྫོང་རིམ་པའི་མཉམ་སྤྱོད་ཀྱི་ཁག་དེ་ཁུལ་རིམ་པ་དང་རྫོང་རིམ་པས“གསུམ་བདུན་མཉམ་སྤྱོད”ལྟར་བྱེད་པ། མཁར་གྲོང་ས་ཞིང་བཀོལ་སྤྱོད་དཔྱ་ཁྲལ་ལས་ཁུལ་དང་རྫོང་རིམ་པའི་མཉམ་སྤྱོད་ཀྱི་ཁག་དེ་ཁུལ་རིམ་པ་དང་རྫོང་རིམ་པས“གསུམ་བདུན་མཉམ་སྤྱོད”ལྟར་བྱེད་པ། ཁོར་ཡུག་སྲུང་སྐྱོབ་དཔྱ་ཁྲལ་ལས་ཁུལ་རིམ་པ་དང་རྫོང་རིམ་པ་དེ་མུ་མཐུད་དུ“བཞི་དྲུག་མཉམ་སྤྱོད”ལྟར་བྱེད་པ། ཁྲལ་རིགས་གཞན་དག་ལས་ས་གནས་ཀྱི་མཉམ་སྤྱོད་ཁག་དེ་ཡོངས་སུ་རྫོགས་པ་རྫོང་རིམ་པའི་ཡོང་འབབ་ལ་བརྩི་དགོས།

7.ཁྲལ་མིན་ཡོང་འབབ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲལ་མིན་ཡོང་འབབ་དེ་བྱང་སྲིད〔2020〕ཨང10པའི་ནང་གཏན་འཁེལ་བྱས་པའི་ཡོང་འབབ་དབྱེ་འབྱེད་ཀྱི་སྡུར་ཚད་ལྟར་ལག་བསྟར་བྱ་རྒྱུ་མ་ཟད། རིམ་བཞིན་ཚད་ལྡན་དུ་བཏང་ནས་གཞུང་ཁོངས་ཐོན་ཁུངས་རིན་ཡོད་བེད་སྤྱོད་ཀྱི་ཡོང་འབབ་དང་ཆེད་དོན་ཡོང་འབབ་སོགས་སྡུར་ཚད་ལྟར་མཉམ་སྤྱོད་བྱེད་པར་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། ཁྲལ་མིན་ཡོང་འབབ་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁྲལ་འབབ་མིན་པའི་སྔོན་རྩིས་བཟོ་འགོད་ཀྱི་ལུགས་མཐུན་རང་བཞིན་དང་གཟབ་ནན་རང་བཞིན་ལ་ཤུགས་རྒྱག་པ། ཁྲལ་འབབ་མིན་པའི་ཡོང་འབབ་དེ་བསྡུ་ལེན་བྱེད་མཁན་སྡེ་ཚན་གྱི་གཏོང་སྒོ་དང་ཟུང་འབྲེལ་བྱེད་རིགས་གཏན་འགོག་བྱེད་དགོས། ཁྲལ་མིན་ཡོང་འབབ་ཐད་ཀར་རྒྱལ་མཛོད་དུ་འབུལ་རྒྱུར་སྐུལ་འདེད་བཏང་ནས་ཁྲལ་མིན་ཡོང་འབབ་ཀྱི་ཆེད་དམིགས་རྩིས་ཐེམ་རིམ་བཞིན་མེད་པར་བཟོ་བ་དང་། ཆེད་སྤྱོད་རྩིས་ཁྲར་བརྟེན་ནས་ནོར་སྲིད་ཡོང་འབབ་སྙོམས་སྒྲིག་བྱེད་པ་སྔོན་འགོག་བྱེད་དགོས། ཁྲལ་མིན་ཡོང་འབབ་བསྡུ་ལེན་གློག་རྡུལ་ཅན་གྱི་དོ་དམ་མགྱོགས་སུ་གཏོང་བ་དང་། འཛིན་ཡིག་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། བསྡུ་ལེན་དོ་དམ་གྱི་སྐྱོན་ཆ་འགོག་པ་བཅས་བྱས་ཏེ། ཁྲལ་མིན་ཡོང་འབབ་སྦས་སྐུང་དང་། བཀག་ཉར། བདག་བཟུང་། ངོ་གཏོང་། གཞན་སྤྱོད་བཅས་བྱེད་པའི་བྱ་སྤྱོད་སྔོན་འགོག་བྱེད་དགོས།

8.ཕྱོགས་ཡོངས་ནས་ཁྲལ་བསྡུའི་ཁྲིམས་བཀོད་རྩ་དོན་དོན་འཁྱོལ་བྱེད་དགོས། ཡོང་སྒོའི་སྔོན་རྩིས་ཀྱི་སྔོན་དཔག་རང་བཞིན་གྱི་དོ་དམ་བླང་བྱ་དོན་འཁྱོལ་དང་། དཔལ་འབྱོར་གྱི་གནས་བབ་དང་དཔྱ་ཁྲལ་འབྱུང་ཁུངས་ཀྱི་དོན་དངོས་ཟུང་འབྲེལ་བྱས་ཏེ། རིམ་པ་སོ་སོའི་ཡོང་སྒོའི་སྔོན་རྩིས་ལུགས་མཐུན་གྱིས་སྒྲིག་བཟོ་བྱེད་པ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁྲལ་བསྡུ་བ། ཁྲལ་འཕྲི་དངུལ་གཅོག་གི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱེད་པ། ཟོལ་སྡུད་སྟོང་འཁོར་དང་། “ཚད་བརྒལ་ཁྲལ་དངུལ”སྡུད་པ། གྲོན་དངུལ་གང་བྱུང་སྡུད་པ་བཅས་གཏན་འགོག་བཅས་བྱས་ཐོག སྒྲིག་འགལ་གྱིས་ཁྲལ་དངུལ་ཡོང་སྒོའི་དམིགས་ཚད་ལ་དཔྱད་ཞིབ་ཨང་རིམ་སྒྲིག་མི་ཆོག ཚུལ་མིན་གྱིས་ཚོང་རར་ཐེ་གཏོགས་དང་ཁྲལ་དངུལ་ཡོང་འབབ་ལ་ཟུང་འབྲེལ་བྱེད་པའི་ཁ་གསབ་བམ་ཕྱིར་སློག་སྲིད་ཇུས་རིམ་བཞིན་གཙང་བཤེར་བྱེད་དགོས། ཁྲལ་རོགས་ཁྲལ་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་བསྡུས་ཀྱིས་ཁྲལ་སྐྱོང་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་སྒྱུར་བཅོས་དང་། རང་བྱུང་ཐོན་ཁུངས། ཁོར་ཡུག་སྲུང་སྐྱོབ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སོགས་སྡེ་ཁག་གི་ཁྲལ་འབྲེལ་ཆ་འཕྲིན་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ནོར་ཁྲལ་སྡེ་ཁག་གི་གྲངས་གཞི་མཉམ་སྤྱོད་དང་། དུས་བཀག་གྲོས་མོལ། ཕྱོགས་བསྡུས་ཞིབ་འཇུག་བརྡར་གཅོད་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། རིམ་པ་སོ་སོའི་ཁྲལ་དོན་སྡེ་ཁག་གིས་དུས་ཐོག་ཏུ་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་སྡེ་ཁག་ལ་ཡོང་འབབ་བསྡུ་ལེན་སྔོན་དཔག་བྱས་ཚུལ་མཁོ་འདོན་བྱས་ཏེ། ལས་རིགས་དབྱེ་བ་དང་། ཐོན་ལས་དབྱེ་བ། གཙོ་གནད་ཁེ་ལས་བཅས་ཀྱི་ཁྲལ་འབྲེལ་ཆ་འཕྲིན་མཉམ་སྤྱོད་བྱས་ནས། སྔོན་དཔག་བྱས་ན་ཐོན་སྲིད་པའི་ཁྲལ་བསྡུའི་འགྱུར་ལྡོག་གལ་ཆེན་དུས་ཐོག་ཏུ་བརྡ་ཁྱབ་གཏོང་དགོས།

(གསུམ)ཁུལ་གྱིས་རྫོང་ལ་ནོར་སྲིད་སྤོ་སྒྱུར་གཏོང་སྤྲོད་བྱེད་པའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་དགོས།

9.སྤོ་སྒྱུར་གཏོང་སྤྲོད་སྣ་ཚོགས་ཀྱི་ནུས་པའི་ངེས་གནས་ཁ་གསལ་བཟོ་དགོས། སྤོ་སྒྱུར་གཏོང་སྤྲོད་ལ་གཞིགས་ནས་དབྱེ་ན། གོང་རིམ་གྱི་སྤོ་སྒྱུར་གཏོང་སྤྲོད་དེ་སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་དང་། ཐུན་མོང་གི་ནོར་སྲིད་དོན་དབང་སྤོ་སྒྱུར་གཏོང་སྤྲོད། ཆེད་དོན་སྤོ་སྒྱུར་གཏོང་སྤྲོད་བཅས་རིགས་གསུམ་དུ་དབྱེ་ཡོད། སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་དེ་ས་ཁུལ་བར་གྱི་གཞི་རྩའི་ནོར་ཤུགས་བཀོད་སྒྲིག་དོ་སྙོམས་ངང་སྤྱད་དེ། “འགན་ལེན་གསུམ”གྱི་གཏོང་སྒོ་སྔོན་ལ་འགན་ལེན་བྱ་རྒྱུ་དང་། ཞིབ་ཕྲའི་སྤྱོད་སྒོ་གཏན་འཁེལ་མི་བྱེད་པའི་རིགས་ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་གཅིག་གྱུར་འཆར་འགོད་དང་བེད་སྤྱོད་གཏོང་རྒྱུ། ཐུན་མོང་ནོར་སྲིད་དོན་དབང་སྤོ་སྒྱུར་གཏོང་སྤྲོད་དང་། ནོར་སྲིད་དོན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་སྒྱུར་བཅོས་ཕན་ཚུན་སྦྲེལ་མཐུད་བྱས་ཏེ། ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་འཁུར་དགོས་པའི་ཐུན་མོང་གི་ནོར་སྲིད་དོན་དབང་གི་གཏོང་སྒོའི་འགན་འཁྲི་ལག་བསྟར་བྱ་རྒྱུར་སྤྱད་ནས། ཁུལ་དང་རྫོང་སྲིད་གཞུང་གིས་ཐུན་མོང་གི་དོན་དབང་ལག་བསྟར་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། སྔོན་རྩིས་བཟོ་འགོད་བྱེད་སྐབས། ཐུན་མོང་གི་ནོར་སྲིད་དོན་དབང་སྤོ་སྒྱུར་གཏོང་སྤྲོད་བྱ་བ་གནས་སྐབས་སུ་སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་ཀྱི་ཁོངས་སུ་འཇོག་དགོས། ཆེད་དོན་སྤོ་སྒྱུར་གཏོང་སྤྲོད་དེ་གོང་རིམ་སྲིད་གཞུང་གིས་མངགས་བཅོལ་བྱས་པའི་དམིགས་བསལ་དོན་ཚན་སྒྲུབ་པར་སྤྱོད་དགོས་པ་དང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་གཏན་འབེབས་བྱས་པའི་སྤྱོད་སྒོ་ལྟར་བཀོད་སྒྲིག་དང་བེད་སྤྱོད་བྱེད་དགོས་པ་ལས་གཞན་དུ་སྤྱད་མི་ཆོག

10.སྤྱིར་བཏང་རང་བཞིན་གྱི་གཏོང་སྤྲོད་སྤོ་སྒྱུར་མ་ལག་ཆ་ཚང་དུ་གཏོང་དགོས། “མཐའ་ཚད་སྲུང་བ་དང་། དོ་སྙོམས་སྐུལ་འདེད། གཙོ་གནད་འགན་ལེན”ལ་དམིགས་ཏེ། ཞིང་ཆེན་གྱིས་འོག་རིམ་ལ་སྤོ་སྒྱུར་གཏོང་སྤྲོད་ཀྱི་གྲུབ་ཆ་ངོས་ལེན་ལེགས་སྒྲིག་བྱེད་པ་དང་། ནོར་ཤུགས་ཀྱི་རྣམ་པ་ལེགས་སུ་གཏོང་བ། ནོར་ཤུགས་གཤམ་གཏོང་ལ་སྐུལ་འདེད་གཏོང་བ། གཞི་རིམ་གྱི་གཞུང་དོན་ཞབས་ཞུའི་འགན་ལེན་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྔར་ལས་དོན་འཁྱོལ་ཡག་པོ་བྱེད་དགོས། དོ་སྙོམས་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་གཙོ་བོར་བྱེད་པ་དང་། རྫོང་རིམ་པའི་གཞི་རྩའི་ནོར་ཤུགས་འགན་ལེན་ལམ་སྲོལ་གྱི་བྱ་དགའི་ཁ་གསབ་མ་དངུལ་གཞོགས་འདེགས་སུ་བྱེད་པ། དུས་མཚམས་རང་བཞིན་གྱི་ནོར་ཤུགས་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་ཞིང་ཆེན་གྱིས་འོག་རིམ་ལ་སྤྲོད་པའི་སྤྱིར་བཏང་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་མ་ལག་གི་སྒྲོམ་གཞིའི་འོག ཁུལ་ཡོངས་ཀྱི་རྫོང་རིམ་པའི་གཞི་རྩའི་ནོར་ཤུགས་འགན་ལེན་ལམ་སྲོལ་འཛུགས་པ་དང་། བྱ་དགའི་ཁ་གསབ་མ་དངུལ་དོ་དམ་བྱ་ཐབས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཐོག རྫོང་རིམ་པའི“འགན་ལེན་གསུམ”གྱི་དགོས་མཁོ་དང་། འགན་སྲུང་ནུས་པ། ཧུར་བརྩོན་བྱེད་ཤུགས། རམ་འདེགས་གནས་ཚུལ། བྱ་བའི་དངོས་འབྲས་བཅས་ལ་གཞིགས་ཏེ་བྱ་དགའི་ཁ་གསབ་མ་དངུལ་བགོ་བཤའ་དཔག་རྩིས་བྱེད་པ་དང་། “འགན་ལེན་གསུམ”དང་ས་གནས་སྲིད་གཞུང་གི་བུན་དོན་སེལ་བའི་འགན་འཁྲི་དོན་འཁྱོལ་ཚད་གཞིར་སོན་པ་དང་། གཏོང་ཡོང་སྔོན་རྩིས་ལག་བསྟར་སོགས་གཙོ་གནད་ལས་དོན་འགྲུབ་པ་ཅུང་ལེགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་གསལ་གྱི་ས་གནས་ཀྱི་སྐུལ་སློང་ཤུགས་ཆེར་གཏོང་བ་མ་ཟད། ནོར་ཤུགས་དཀའ་ངལ་ཆེ་བའི་རྫོང་ལ་ཚད་དང་རན་པར་གཞོལ་དགོས།

11.ཁུལ་གྱིས་རྫོང་ལ་ཆེད་དམིགས་སྤོ་སྒྱུར་གཏོང་སྤྲོད་བྱེད་པའི་གཞི་ཁྱོན་ཚོད་འཛིན་ལུགས་མཐུན་བྱེད་དགོས། རྫོང་རིམ་པའི་དམིགས་བསལ་དཀའ་ངལ་ཐག་གཅོད་དང་དམིགས་བསལ་དོན་གནད་ལ་རྒྱབ་སྐྱོར་བྱ་ཆེད། རྫོང་རིམ་པའི་རེ་ཞུ་གཞིར་བཟུང་སྣེ་ཁྲིད་རིགས་དང་། རྒུད་སྐྱོབ་རིགས། འཕྲལ་སྡོམ་རིགས་བཅས་ཀྱི་ལས་དོན་ཉུང་ཤས་ཁུལ་གྱིས་རྫོང་ལ་ཆེད་དོན་སྤོ་སྒྱུར་གཏོང་སྤྲོད་བྱས་ནས་རྒྱབ་སྐྱོར་བྱེད་ཆོག་པ་དང་རྣམ་གྲངས་ཀྱི་གྲངས་འབོར་དང་མ་དངུལ་གྱི་གཞི་ཁྱོན་དེ་དགོས་མཁོ་དངོས་ལ་གཞིགས་ནས་གཏན་འཁེལ་བྱེད་དགོས། ཁུལ་གྱིས་རྫོང་ནོར་སྲིད་ཀྱི་ཆེད་དོན་སྤོ་སྒྱུར་གཏོང་སྤྲོད་དཀར་ཆག་བཟོས་ཏེ། ཕྱོགས་ཡོངས་ནས་སྤོ་སྒྱུར་གཏོང་སྤྲོད་རྣམ་གྲངས་ཀྱི་མིང་དང་། གཙོ་གཉེར་སྡེ་ཁག བགོ་བཤའ་རྒྱག་སྟངས། སྲིད་ཇུས་དམིགས་ཚད་སོགས་བདག་རྐྱེན་མཚོན་པར་བྱེད་དགོས། ཁུལ་གྱིས་རྫོང་ལ་ཆེད་དོན་སྤོ་སྒྱུར་གཏོང་སྤྲོད་ཀྱི་དུས་བཀག་དཔྱད་དཔོག་ལམ་སྲོལ་བཙུགས་ནས་སྲིད་ཇུས་རིམ་བརྩེགས་དང་། འགན་ནུས་སྣོལ་འདྲེས། འཇོག་ཕྱོགས་རིགས་མཐུན་བཅས་ཀྱི་རྣམ་གྲངས་བསྡུ་སྒྲིལ་བྱས་ཏེ། ཕྱིར་འཐེན་སྲིད་ཇུས་ཀྱི་དུས་ཚད་ལོངས་པ་དང་། དམིགས་ཚད་ལས་བྲལ་བ། བྱས་འབྲས་ཡག་པོ་མེད་པ་བཅས་ཀྱི་རྣམ་གྲངས་གཙང་བཤེར་བྱེད་དགོས། སྤོ་སྒྱུར་གཏོང་སྤྲོད་གཏན་འཁེལ་ནན་པོ་བྱས་ཏེ། གསར་དུ་འཕར་བའི་ཁུལ་གྱིས་རྫོང་ལ་ཆེད་དོན་སྤོ་སྒྱུར་གཏོང་སྤྲོད་ཀྱི་གཞི་ཁྱོན་ཚོད་འཛིན་ལུགས་མཐུན་བྱས་ནས་གནད་སྨིན་ཁྲིད་ཕྱོགས་སྔར་བས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས།

12.ཚན་རིག་དང་མཐུན་པའི་སྒོ་ནས་ཆེད་སྤྱོད་གཏོང་སྤྲོད་སྤོ་སྒྱུར་མ་དངུལ་བགོ་བཤའ་རྒྱག་དགོས། གོང་རིམ་གྱིས་རྒྱུ་རྐྱེན་བཅའ་ཁྲིམས་དང་རྣམ་གྲངས་བཅའ་ཁྲིམས་གཞིར་བཟུང་གཤམ་སྤྲོད་བྱས་པའི་ཐུན་མོང་གི་ནོར་སྲིད་དོན་དབང་སྤོ་སྒྱུར་གཏོང་སྤྲོད་དང་ཆེད་དོན་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་ལ་ཁུལ་རིམ་པའི་ངོས་ནས་ཐེངས་གཉིས་པར་བགོ་བཤའ་རྒྱག་དགོས་རིགས། ཁུལ་རིམ་པའི་ལས་རིགས་གཙོ་གཉེར་སྡེ་ཁག་གིས་ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་འགན་འཁུར་བའི་ནོར་སྲིད་དོན་དབང་དང་གཏོང་སྒོའི་འགན་འཁྲི་གཞིར་བཟུང་ཞིང་། ཆེད་དོན་མ་དངུལ་དོ་དམ་བྱ་ཐབས་དང་། ལས་འགན་གསལ་ཐོ། བྱས་འབྲས་དམིགས་ཚད། བགོ་བཤའི་བསམ་འཆར། དེ་བཞིན་འབྲེལ་ཡོད་གཏན་འབེབས་གཞན་དག་བཅས་ལ་གཞིགས་ནས་བགོ་བཤའ་རྒྱག་པའི་བསམ་འཆར་བཏོན་ཏེ། ཁུལ་རིམ་པའི་ནོར་སྲིད་སྡེ་ཁག་གིས་བཤེར་འབེབས་བྱས་རྗེས་བགོ་བཤའ་གཤམ་སྤྲོད་བྱེད་དགོས།

(བཞི)ཁུལ་མན་གྱི་ནོར་སྲིད་སྒྲིག་སྲོལ་ལེགས་སྒྲིག་ལམ་སྲོལ་ཆ་ཚང་དུ་གཏོང་དགོས།

13.ནོར་སྲིད་དོན་དབང་དང་གཏོང་སྒོའི་འགན་འཁྲིའི་དབྱེ་འབྱེད་འགུལ་རྣམ་ལེགས་སྒྲིག་གི་ལམ་སྲོལ་འཛུགས་དགོས། ནོར་སྲིད་སྡེ་ཁག་གིས་དུས་བཀག་ལྟར་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཁྱབ་ཁོངས་དབྱེ་བའི་ནོར་སྲིད་དོན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་ཀྱི་སྒྱུར་བཅོས་ཇུས་གཞིར་དཔྱད་དཔོག་བྱས་ཏེ། ལས་དོན་དོ་དམ་དང་། ལག་བསྟར་བྱེད་སྟངས། སྒྲིག་གཞིའི་འགན་ནུས་ལེགས་སྒྲིག་སོགས་དངོས་ཡོད་དོན་དངོས་ལ་གཞིགས་ནས། ཁུལ་དང་རྫོང་གི་ནོར་སྲིད་དོན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་ལ་འགུལ་རྣམ་ལེགས་སྒྲིག་བྱས་ཐོག བབ་བསྟུན་སྒོས་ནོར་སྲིད་དོན་དབང་གི་གསལ་ཐོ་འཐུས་ཚང་དུ་གཏོང་དགོས། ཐུན་མོང་ནོར་སྲིད་དོན་དབང་དང་གཏོང་སྒོའི་འགན་འཁྲིའི་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་ཆ་ཚང་དུ་བཏང་སྟེ། དཔྱད་དཔོག་བྱས་ཚུལ་ལ་གཞིགས་ཤིང་། ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་དང་། ནོར་ཤུགས་སྙོམས་ཚད་ཀྱི་འགྱུར་ལྡོག འགན་ལེན་ཚད་གཞི་ལེགས་སྒྲིག་སོགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། ཁུལ་དང་རྫོང་གི་འགན་དབྱེའི་སྡུར་ཚད་དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས།

14.ཡོང་འབབ་དབྱེ་འབྱེད་སྲིད་ཇུས་ཀྱི་ཕན་འབྲས་ལ་དཔྱད་དཔོག་ཡང་དག་བྱེད་དགོས། ས་ཁུལ་བར་གྱི་ནོར་ཤུགས་སྙོམས་ཚད་དཔྱད་དཔོག་ལམ་སྲོལ་བཙུགས་ཏེ། ནོར་སྲིད་དོན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་ཀྱི་འགུལ་རྣམ་ལེགས་སྒྲིག་གནས་ཚུལ་ལ་གཞིགས་ནས་ཁུལ་དང་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་དང་། ནོར་སྲིད་ཡོང་འབབ་ཁྱབ་ཚུལ་དང་གཞི་ཁྱོན། ཕྱོགས་བསྡུས་ནོར་ཤུགས་འགྱུར་ལྡོག་སོགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། ཁུལ་རིམ་པ་དང་རྫོང་རིམ་པའི་ཁྲལ་བསྡུའི་ཡོང་འབབ་མཉམ་སྤྱོད་སྡུར་ཚད་དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས། སྤྱི་འབོར་ཆ་བགོད་དང་། རིགས་དབྱེ་ཆ་བགོད། འཕར་གྲངས་ཆ་བགོད་སོགས་མཉམ་སྤྱོད་བྱེད་སྟངས་སྤྱད་དེ། ཁྲལ་བསྡུ་མིན་པའི་ཡོང་འབབ་མཉམ་སྤྱོད་བྱེད་སྟངས་དུས་ཐོག་ཏུ་ལེགས་སྒྲིག་བྱས་ནས། ཁྲལ་མིན་ཡོང་འབབ་དོ་དམ་རིམ་བཞིན་ཚད་ལྡན་དུ་གཏོང་དགོས།

(ལྔ)“འགན་ལེན་གསུམ”གྱི་ཕུགས་ཕན་འགན་སྲུང་ལམ་སྲོལ་དོན་འཁྱོལ་བྱེད་དགོས།

15.འགན་སྲུང་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དགོས། “རྫོང་རིམ་པ་གཙོ་བོར་བྱེད་པ་དང་ཁུལ་རིམ་པས་འདེགས་སྐྱོར”གྱི་རིམ་དབྱེའི་འགན་འཁྲིའི་མ་ལག་དོན་འཁྱོལ་བྱེད་དགོས། རྫོང་རིམ་པས“འགན་ལེན་གསུམ”གྱི་བྱེད་པོའི་འགན་འཁྲི་ཁུར་ཐོག ནོར་ཤུགས་དང་མ་དངུལ་གཅིག་གྱུར་འཆར་འགོད་བྱས་ནས“འགན་ལེན་གསུམ”ལ་གནད་དོན་མི་ཐོན་པའི་འགན་ལེན་ཏན་ཏིག་བྱེད་དགོས། ཁུལ་རིམ་པས་རྫོང་རིམ་པའི“འགན་ལེན་གསུམ”གྱི་ལས་དོན་ལ་མཛུབ་ཁྲིད་བྱས་ཏེ་ཁོངས་གཏོགས་རྫོང་ལ་རོགས་སྐྱོར་བྱེད་པའི་འགན་འཁྲི་འཁུར་དགོས། ཏང་སྲིད་ལས་ཁུངས་ཀྱིས་འཚོ་བ་དམ་པོ་སྐྱེལ་བ་གོམས་པར་བྱེད་པ་དང་། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་དང“གཞུང་དངུལ་རིགས་གསུམ”གྱི་འགྲོ་གྲོན་གཏོང་སྒོ་ཚོད་འཛིན་ནན་པོ་བྱས་ཏེ། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་པོ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་སྲིད་ཀྱི་མགོ་ཁྲིད་གཙོ་བོས་འགན་འཁུར་བའི་ནོར་སྲིད་དང་དངུལ་རྩའི་ཉེན་ཁ་ཐག་གཅོད་བྱེད་པའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ། “འགན་ལེན་གསུམ”གྱི་ཉེན་ཁ་སྔོན་འགོག་དང་འཕྲལ་བསྟུན་ཐག་གཅོད་ལས་དོན་ཡག་པོ་སྒྲུབ་དགོས།

16.འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། “ལས་དོན་མ་བསྒྲུབས་གོང་ཞིབ་བཤེར་དང་། ལས་དོན་སྒྲུབ་རིང་ལྟ་སྐུལ་ཚོད་འཛིན། ལས་དོན་བསྒྲུབས་རྗེས་ཐག་གཅོད”བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། “འགན་ལེན་གསུམ”གྱི་བསྡོམས་རྩིས་རྒྱག་སྟངས་སྔར་བས་ཁ་གསལ་བཟོ་བ་དང་། “འགན་ལེན་གསུམ”གྱི་གཏོང་སྒོའི་དཔག་རྩིས་ཚད་གཞི་ཞིབ་ཕྲ་བཟོ་བ། གྲངས་འཛིན་ནོར་སྲིད་མ་ལག་གི་ཚ་གནད་རིགས་དབྱེའི་མཚོན་རྟགས་འཛུགས་པ། སྔོན་རྩིས་བཟོ་འགོད་དང་ལག་བསྟར་བྱེད་པའི་ལྷུ་ཚིགས་ཁག་དོན་འཁྱོལ་བཅས་བྱེད་དགོས། ཁུལ་རིམ་པས་རང་ཁོངས་ཀྱི་རྫོང་རིམ་པའི“འགན་ལེན་གསུམ”གྱི་སྔོན་རྩིས་ལ་ཞིབ་བཤེར་མ་བྱས་གོང་ཕྱོགས་ཡོངས་ལ་ཁྱབ་པའི་རྨང་གཞིའི་ཐོག་ལོ་ལྟར་གཏན་འབེབས་གཞིར་བཟུང་ཞིང་ཆེན་རིམ་པར་བསྐྱར་ཞིབ་བྱ་རྒྱུར་འབུལ་དགོས། “འགན་ལེན་གསུམ”གྱི་སྔོན་རྩིས་ཀྱི་འགྱུར་མེད་རང་བཞིན་གྱི་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “འགན་ལེན་གསུམ”དང་འབྲེལ་བ་ཡོད་པའི་སྤོ་སྒྱུར་གཏོང་སྤྲོད་ཀྱི་འབྲེལ་ཐག་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། “འགན་ལེན་གསུམ”གྱི་གཏོང་སྒོའི་མཛོད་ཀྱི་མ་དངུལ་འགན་སྲུང་དང་འཁོར་སྐྱོད་ལ་ལྟ་སྐུལ་ཚོད་འཛིན་བྱེད་པ་བཅས་ཀྱི་ལས་ཀ་ལེགས་པར་སྒྲུབ་དགོས།

17.མི་སྣའི་གྲོན་དངུལ་དོ་དམ་ཚད་ལྡན་དུ་གཏོང་དགོས། མི་སྣའི་འགྲོ་གྲོན་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ནོར་སྲིད་ཀྱི་འཚོ་སྐྱོང་མི་སྣར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་ཁོངས་སུ་ཚུད་མེད་པའི་གདན་བསྐོས་མི་སྣ་ལུགས་མཐུན་ཁུ་བསྡུ་བྱེད་པ། སྒྲིག་ཁོངས་སུ་ཚུད་མེད་པའི་མི་སྣའི་འགྲོ་གྲོན་གྱི་གཞི་ཁྱོན་ཚོད་འཛིན་བྱེད་པ། གྲངས་འཛིན་ནོར་སྲིད་མ་ལག་དང་། ནོར་སྲིད་འཚོ་སྐྱོང་མ་ལག སྤྱི་ཚོགས་འགན་བཅོལ་དོ་དམ་མ་ལག་བཅས་ཀྱི་གཞི་གྲངས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་དགོས། ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་མི་སྣའི་གླ་ཕོགས་ཕོགས་སྣོན་ཁ་གསབ་སྲིད་ཇུས་ཀྱི་གྲུབ་འབྲས་གཙང་བཤེར་དང་ཚད་ལྡན་དུ་གཏོང་བ་དང་། ལས་ཁུངས་དང་བྱ་ལས་སྡེ་ཚན་གྱི་རྒན་གསོའི་འགན་བཅོལ་དང་། ལས་རིགས་ཀྱི་ལོ་ཕོགས། སྨན་བཅོས་འགན་བཅོལ། སྡོད་ཁང་སྤྱི་གསོག་མ་དངུལ་བཅས་ཀྱི་གྲོན་དངུལ་སྤྲོད་པའི་དོ་དམ་ཚད་ལྡན་དུ་གཏོང་དགོས།

(དྲུག)ཁུལ་མན་གྱི་ནོར་སྲིད་དོ་དམ་ཚད་ལྡན་བཟོ་དགོས།

18.ཡུལ་ཚོའི་ནོར་སྲིད་རྫོང་གིས་དོ་དམ་བྱེད་པའི་ལས་ཀའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས། ཡུལ་ཚོའི་ནོར་སྲིད་རྫོང་གིས་དོ་དམ་བྱེད་པའི་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། རྫོང་རིམ་པས་ཡུལ་ཚོ་དང་གྲོང་རྡལ་གྱི་ནོར་སྲིད་ནོར་དོན་དོ་དམ་གྱི་ལྟ་སྐུལ་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་གཞི་རྩའི་ནོར་ཤུགས་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཡུལ་ཚོ་དང་གྲོང་རྡལ་གྱི་འཁོར་སྐྱོད་གྲོན་དངུལ་གྱི་ཞིང་ཆེན་རིམ་པའི་ཁ་གསབ་ཚད་གཞི་ངོས་ལེན་བྱེད་པ། གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་བཅས་བྱེད་དགོས། ཡུལ་ཚོ་དང་གྲོང་རྡལ་གྱི་ནོར་སྲིད་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་མི་སྣའི་དཔུང་ཁག་ལྟོས་བཅས་ཀྱིས་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས། གྲངས་འཛིན་ནོར་སྲིད་མ་ལག་དེ་ཡུལ་ཚོ་དང་གྲོང་རྡལ(སྡེ་ཁུལ)དུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ་དང་། ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ་ཡུལ་ཚོའི་ནོར་སྲིད་རྫོང་གིས་དོ་དམ་དང་སྡེ་བའི་ནོར་སྲིད་ཡུལ་ཚོས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། མ་དངུལ་དང་རྒྱུ་ནོར་བཀོད་སྒྲིག་གི་ཕན་འབྲས་དང་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས།

19.ས་གནས་སྲིད་གཞུང་གི་བུ་ལོན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་བུ་ལོན་ཉེན་ཁར་སྤྱིའི་འགན་འཁུར་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྫོང་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་ཁོངས་གཏོགས་ས་ཆའི་རྩ་དོན་དང་དོ་དམ་དབང་ཚད་ལྟར་རང་འགན་རང་འཁུར་བྱེད་དགོས། གསར་དུ་བསྣན་པའི་ས་གནས་སྲིད་གཞུང་གི་བུ་ལོན་གྱི་བཅད་གྲངས་དང་། ལྷག་གྲངས་བགོ་བཤའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ཤིང་། སྤྱིར་བཏང་གི་བུ་ལོན་གྱི་བཅད་གྲངས་དེ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནོར་ཤུགས་དང་ཕན་ཚུན་སྙོམ་སྒྲིག་བྱེད་དགོས་པ་དང་། ཆེད་དམིགས་བུ་ལོན་གྱི་བཅད་གྲངས་དེ་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་དང་རྣམ་གྲངས་ཀྱི་ཁེ་ཕན་སོགས་དང་མཐུན་དགོས། ཕྱོགས་ཡོངས་ནས་བུན་འཇལ་གྲབས་གསོག་གི་ལམ་སྲོལ་བཙུགས་ཏེ། ཐབས་ལམ་མང་པོའི་ཐོག་ནས་བུན་འཇལ་མ་དངུལ་གྲབས་གསོག་བྱེད་པ་དང་། ཡོང་འཕར་གཏོང་འཕྲི་དང་རྒྱུ་ནོར་དངུལ་སྒྱུར་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་བུ་ལོན་གྱི་ཉེན་ཁ་སེལ་བ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་བུན་གཡར་བྱ་སྤྱོད་ཞིབ་བཤེར་ནན་པོ་བྱེད་དགོས། མངོན་མེད་བུ་ལོན“གཙང་སེལ”གྱི་ཚོད་ལྟ་ཧུར་ཐག་བྱས་ཏེ། གཏན་འཁེལ་བྱས་པའི་ཇུས་གཞི་གཞིར་བཟུང་གསོག་འབོར་གྱི་མངོན་མེད་བུ་ལོན་གོ་རིམ་ལྡན་པའི་ངང་སེལ་བ་དང་། བུ་ལོན་རྫུན་བཟོ་གཏན་འགོག་བྱེད་དགོས།

གསུམ། ལས་ཀའི་བླང་བྱ།

ཁུལ་མན་གྱི་ནོར་སྲིད་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་ནི་སྲིད་གཞུང་བར་གྱི་ནོར་སྲིད་འབྲེལ་བ་སྔར་བས་མཐུན་སྦྱོར་ཡོང་བའི་རྨང་གཞི་གལ་ཆེན་ཞིག་དང་། དེང་རབས་ནོར་སྲིད་ལམ་ལུགས་མགྱོགས་མྱུར་ངང་འཛུགས་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ས་ཁུལ་སོ་སོའི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ནས་མགོ་བཙུགས་ཏེ། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། བསམ་བློའི་ངོས་འཛིན་གཅིག་གྱུར། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་བཅས་བྱས་ཐོག ཚད་མཐོའི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་བཅས་ལ་བརྟེན་སྒྱུར་བཅོས་ཀྱི་ལས་འགན་སོ་སོ་ངོས་ལེན་དོན་འཁྱོལ་ཡག་པོ་བྱས་ནས་ནོར་སྲིད་སྒྲིག་སྲོལ་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་རང་ངོས་ཀྱི་ལས་ཀའི་འགན་ནུས་ལ་གཞི་ཚུགས་པ་དང་མཉམ་ལས་གཞོགས་འདེགས་ལ་ཤུགས་བརྒྱབ་སྟེ། ནོར་སྲིད་དོན་དབང་དབྱེ་འབྱེད་དང་། ནོར་སྲིད་ཡོང་འབབ་དོ་དམ། སྤོ་སྒྱུར་གཏོང་སྤྲོད་དོ་དམ། གཞི་རྩའི་དམངས་འཚོ་འགན་ལེན་སོགས་ཀྱི་ཐད་ནོར་སྲིད་སྡེ་ཁག་གིས་ལས་དོན་ལ་རང་འགུལ་ངང་གཞོགས་འདེགས་བྱས་ནས། སྒྱུར་བཅོས་བྱེད་ཐབས་སོ་སོ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ཁུལ་ནོར་སྲིད་ཅུས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་རྒྱག་པ་དང་། བཀོད་སྒྲིག་ཞིབ་ཚགས་བྱེད་པ། སྲིད་ཇུས་གསལ་འགྲེལ་ཡག་པོ་བྱེད་པ། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་རྒྱག་པ། སྒྱུར་བཅོས་ལ་སྐུལ་འདེད་དང་། ཉམས་མྱོང་ཁྱབ་གདལ། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཞིབ་ཕྲའི་ལས་དོན་དམ་འཛིན་ཡག་པོ་བྱས་ནས་སྒྱུར་བཅོས་བདེ་བླག་ངང་ལག་བསྟར་བྱ་རྒྱུར་འགན་སྲུང་བརྟན་པོ་བྱེད་དགོས།

ཇུས་གཞི་འདི2025ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན། ད་ལྟ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དང་ཇུས་གཞིའི་བླང་བྱར་མི་མཐུན་པའི་རིགས། ཇུས་གཞི་འདི་ཚད་གཞིར་འཛིན་རྒྱུ་དང་ཞིབ་ཕྲའི་སྐོར་མཚོ་བྱང་ཁུལ་ནོར་སྲིད་ཅུས་གསལ་འགྲེལ་བྱེད་པའི་འགན་འཁུར་དགོས།

རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།


སྐབས་སྔོན་མ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི2025ལོ་འཁོར་གྱི་ཁྲིམས་འཛུགས་ལས་ཀའི་འཆར་གཞི》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།
སྐབས་རྗེས་མ། མེད།
མཉམ་སྤྱོད།