དེ་རིང་ནི2026ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དུས་རབས་གསར་པའི་དགེ་སྒྲུབ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཚོ་བྱང་ཁུལ་གྱི་ལག་བསྟར་ཇུས་གཞི།

2026-03-13 10:44:56   |   57

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། 《མཚོ་བྱང་སྲིད་དོན་སྤྱི་བསྒྲགས》  བཤེར་འབེབས། རིན་ཆེན་ཚེ་རིང་།


༄༅། །མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི《དུས་རབས་གསར་པའི་དགེ་སྒྲུབ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཚོ་བྱང་ཁུལ་གྱི་ལག་བསྟར་ཇུས་གཞི》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།  

བྱང་སྲིད་གཞུང〔2025〕ཨང31པ། 

རྫོང་ཁག་གི་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར།  ཁུལ་སྲིད་གཞུང་གི་སྡེ་ཁག་ཁག་དང་ཚན་པ་ཁག་བཅས་ལ།

《དུས་རབས་གསར་པའི་དགེ་སྒྲུབ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཚོ་བྱང་ཁུལ་གྱི་ལག་བསྟར་ཇུས་གཞི》དེ་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས65པ་དང་། ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཞིབ་ཐེངས101བརྒྱུད་གྲོས་འཆམ་བྱུང་བས། ད་ལྟ་ཁྱེད་ཚོར་དཔར་འགྲེམ་བྱས་པས་ལག་བསྟར་ནན་ཏན་གནང་རོགས། 

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་། 

2025ལོའི་ཟླ11ཚེས25ཉིན། 

 (ཡིག་ཆ་འདི་ཡོངས་བསྒྲགས་བྱས་ཡོད།)

༄༅། །དུས་རབས་གསར་པའི་དགེ་སྒྲུབ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཚོ་བྱང་ཁུལ་གྱི་ལག་བསྟར་ཇུས་གཞི།

དགེ་སྒྲུབ་བྱ་གཞག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དེ་བཞིན་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བགོ་བཤའ་ཐེངས་གསུམ་པ་དང་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་དགེ་སྒྲུབ་བྱ་གཞག་གི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ། “སྐྱེ་ཁམས་དགེ་སྒྲུབ”དང“གསར་བརྗེའི་དགེ་སྒྲུབ”། “མི་རིགས་མཐུན་སྒྲིལ་དགེ་སྒྲུབ”སོགས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་དུས་རབས་གསར་པའི་སྤྱི་ཕན་དགེ་སྒྲུབ་ས་ཁུལ་མགྱོགས་མྱུར་བསྐྲུན་པ་བཅས་ཀྱི་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཕན་བྱ་གཞག་ཞལ་འདེབས་བཅའ་ཁྲིམས》དང《དང་བླངས་ཞབས་ཞུའི་སྲོལ་ཡིག》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགེ་སྒྲུབ་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་། དེ་བཞིན་དགེ་སྒྲུབ་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛུབ་ཁྲིད་བསམ་འཆར་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་གཞིར་བཟུང་། རང་རེའི་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་ཇུས་གཞི་འདི་བཟོས་པ་ཡིན། 

གཅིག ལས་ཀའི་དམིགས་ཚད། 

2026ལོའི་ལོ་མཇུག་ཏུ་སླེབས་སྐབས། རྫོང་རིམ་པའི་དགེ་སྒྲུབ་རྩ་འཛུགས100%འཛུགས་པ་དང་། ཡུལ་གྲོང་དང་སྡེ་བའི(སྡེ་ཁུལ)དགེ་སྒྲུབ་ལས་དོན་ས་ཚིགས་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ། 2030ལོར་སླེབས་སྐབས། ཡུལ་གྲོང་དང་སྡེ་ཁུལ་གྱི་དགེ་སྒྲུབ་ལས་དོན་ཁང50%རུ་སླེབས་པ་དང་། སྡེ་བ་རིམ་པའི་དགེ་སྒྲུབ་ལས་དོན་ས་ཚིགས་ཀྱི་གྲངས་འབོར30%ལས་མི་ཉུང་བ། ཆ་རྐྱེན་འཛོམས་པའི་དགེ་སྒྲུབ་རྩ་འཛུགས་ལ་ཏང་རྩ་འཛུགས་འཛུགས་སྐྱོང་ཁྱབ་ཚད100%ཟིན་པ། ཐོ་འགོད་དང་བླངས་པའི་མི་གྲངས་ཀྱིས་རྒྱུན་སྡོད་མི་འབོར་གྱི་བསྡུར་གྲངས་བཟུང་ཚད5%ཡན་ཟིན་པ་བཅས་བྱེད་དགོས། ཁུལ་ཡོངས་ཀྱི་དགེ་སྒྲུབ་སྒུལ་ཤུགས་དང་དགེ་སྒྲུབ་རྩ་འཛུགས་ཀྱི་ནུས་པ། དགེ་སྒྲུབ་འཕེལ་རྒྱས་གཏོང་ཤུགས། དགེ་སྒྲུབ་ཀུན་གསལ་གྱི་ནུས་པ། དགེ་སྒྲུབ་ཀྱི་ཤུགས་རྐྱེན་ཐེབས་ཤུགས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་བྱེད་པོ་སྣ་མང་དང་ཞུགས་རྒྱ་ཆེ་བ། ཀུན་གསལ་ཁ་གསལ། ཚད་ལྡན་ནུས་ཆེ་བཅས་ཀྱི་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་མ་ལག་ཅིག་ཆགས་པ་བྱས་ནས། དུས་རབས་གསར་པའི་དགེ་སྒྲུབ་འཛུགས་སྐྱོང་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་དགོས།

གཉིས། ལས་འགན་གཙོ་བོ། 

དུས་རབས་གསར་པའི་སྤྱི་ཕན་དགེ་སྒྲུབ་ལས་དོན་གྱི་དམིགས་ཚད་མ་ལག་ལ་དམིགས་ནས་སྤྱི་ཕན་དང་དགེ་སྒྲུབ་ལ་སྤྱི་འདོམས་བྱེད་པ་དང་། སྲིད་གཞུང་གི་ཐོན་ཁུངས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྤྱི་འདོམས་བྱས་ཏེ་དམངས་ཕན་དགེ་སྒྲུབ་དང་མཉམ་འདྲེས་དགེ་སྒྲུབ། དམངས་ཡོངས་དགེ་སྒྲུབ། ཁྲིམས་སྐྱོང་དགེ་སྒྲུབ། ཀུན་གསལ་དགེ་སྒྲུབ་བཅས་ལངས་གཟུགས་ཅན་འཕེལ་རྒྱས་ཀྱི་དགེ་སྒྲུབ་སྐྱེ་ཁམས་རྣམ་པ་གསར་པ་ཞིག་ཆགས་པ་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་མཐོ་ས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བཅས་ཀྱི་རྒྱབ་ལྗོངས་འོག་གི་མཚོ་བྱང་ཁུལ་གྱི་དགེ་སྒྲུབ་བྱ་གཞག་གི་ཁྱད་ཆོས་མངོན་པར་བྱེད་དགོས།

(གཅིག)ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དགེ་སྒྲུབ་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། 

1.ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལས་བྱེད་ལས་བཟོ་པས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”ཐུབ་པ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་གསུངས་བའི་གསུང་བཤད་གལ་ཆེན་དང་དམངས་སྲིད་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་སྐོར་གྱི་བླང་བྱ་གལ་ཆེན་དང་། ལྷག་པར་དུ་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྐོར་གྱི་བླང་བྱ་གལ་ཆེན་རྒྱུན་མཐུད་ངང་ལག་བསྟར་གཏིང་ཟབ་བྱེད་པ། གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་རང་རྟོགས་ཀྱིས་སྤྱད་དེ་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱས་ཏེ། དགེ་སྒྲུབ་རྩ་འཛུགས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

(གཉིས། )དགེ་སྒྲུབ་རྩ་འཛུགས་བརྟན་པོའི་ངང་འཕར་བའི་བྱ་སྤྱོད་སྤེལ་བ། 

2.རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་དགོས། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གིས་དགེ་སྒྲུབ་སོགས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་གི་བགོ་བཤའི་ནུས་པ་ཐེངས་གསུམ་པ་འདོན་སྤེལ་བྱེད་པར་མཐོང་ཆེན་བྱས་ཏེ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་འགོད་ཀྱི་སྒྲོམ་གཞིའི་འོག་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་གཏོང་བར་རྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། དགེ་སྒྲུབ་དོ་དམ་གྱི་སྒྲིག་སྲོལ་དང་རྐྱེན་སྲོལ་མཐུན་སྦྱོར་བྱེད་པ་དང་། དགེ་སྒྲུབ་མགོ་ཁྲིད་ཚན་པ་འཐུས་ཚང་དུ་གཏོང་བ། དགེ་སྒྲུབ་ཆེད་ལས་དོ་དམ་མི་སྣ་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཀའི་ལམ་ལུགས་ཁག་འཐུས་ཚང་དུ་གཏོང་བ། འགན་དབང་ཁ་གསལ་དང་ཁོངས་གཏོགས་ཁ་གསལ་གྱི་དགེ་སྒྲུབ་སྲིད་འཛིན་དོ་དམ་མ་ལག་འཛུགས་པ་བཅས་བྱ་དགོས། 

3.འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཞིབ་མཆན་འགོད་རིམ་ལེགས་སུ་བཏང་ནས་དགེ་སྒྲུབ་རྩ་འཛུགས་ཀྱི་ཐོ་འགོད་དང་གཏན་འཁེལ་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཐོ་འགོད་རེ་ཞུ་བྱས་པ་མ་ཟད་དེའི་སྒྲིག་ཡིག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགེ་སྒྲུབ་བཅའ་ཁྲིམས》ཀྱི་གཏན་འབེབས་དང་མཐུན་པ་དང་། དགེ་སྒྲུབ་བྱེད་སྒོ་སྤེལ་རྒྱུ་དམིགས་ཡུལ་དུ་འཛིན་པའི་སྤྱི་ཚོགས་ཀྱི་ཚོགས་པ་དང་སྤྱི་ཚོགས་ཞབས་ཞུའི་ལས་ཁུངས་ལ་དེས་ཁྲིམས་ལྟར་འཛུགས་པ་ཐོ་འགོད་བྱེད་སྐབས་དུས་མཉམ་དུ་དགེ་སྒྲུབ་རྩ་འཛུགས་ལ་ངོས་འཛིན་བྱེད་རེ་ཞུ་བྱ་བར་རྒྱབ་སྐྱོར་བྱེད་དགོས། ད་ཡོད་ཀྱི་སྤྱི་ཕན་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་ཁྲོད་ནས་གསོ་སྐྱོང་དང་སྐྱེད་སྲིང་བྱ་རྒྱུར་དོ་སྣང་ཆེན་པོ་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་སྤྱི་ཚོགས་ཀྱི་ཚོགས་པ་དང་སྤྱི་ཚོགས་ཀྱི་ཞབས་ཞུའི་ལས་ཁུངས་ཀྱིས་དགེ་སྒྲུབ་རྩ་འཛུགས་ལ་ངོས་འཛིན་བྱ་རྒྱུའི་རེ་འདུན་ཞུ་བར་རྒྱབ་སྐྱོར་ཧུར་ཐག་བྱས་ནས། ངོས་འཛིན་བྱེད་པའི་ཆ་རྐྱེན་དང་མཐུན་མེད་རིགས་ལ་མཛུབ་ཁྲིད་དང་རོགས་རམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆ་རྐྱེན་འཛོམས་རྗེས་ཁྲིམས་ལྟར་རེ་ཞུ་བྱེད་པ་མ་ཟད་དགེ་སྒྲུབ་རྩ་འཛུགས་སུ་ངོས་འཛིན་ཡང་བྱེད་དགོས། 

4.གསོ་སྐྱོང་གི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་དང་སྟབས་བདེའི་ཆ་རྐྱེན་མཁོ་འདོན་བྱེད་པ་དང་། སློབ་གསོ་གསོ་སྦྱོང་བྱེད་པ། རྣམ་གྲངས་འོས་སྦྱོར་བྱེད་པ། ཐོབ་ཐང་དང་ཐོབ་དབང་གཏན་འཁེལ་དོན་འཁྱོལ་བྱེད་པ། གཟེངས་བསྟོད་དང་སྐུལ་ལྕག་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་དགེ་སྒྲུབ་རྩ་འཛུགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། འཐུས་ཚབ་རང་བཞིན་དང་འབོད་སྐུལ་ནུས་པ། རང་འགུལ་ངང་འགན་འཁྲི་འཁུར་བ་བཅས་ཀྱི་དགེ་སྒྲུབ་རྩ་འཛུགས་ཁག་གཅིག་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས། 

5.སྣ་མང་གི་གནས་བབ་སྐྲུན་དགོས། དབུལ་སྐྱོར་དང་དཀའ་སེལ། རྒན་སྐྱོར། དྭ་ཕྲུག་ལ་རོགས་སྐྱོབ། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་སོགས་ཀྱི་དགེ་སྒྲུབ་རྩ་འཛུགས་རྒྱ་བསྐྱེད་དེ། སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ། གྲོང་གསེབ་དར་སྤེལ། ཚན་རིག སློབ་གསོ། རིག་གནས། འཕྲོད་བསྟེན། ལུས་རྩལ་སོགས་ཀྱི་ཁྱབ་ཁོངས་སུ་དགེ་སྒྲུབ་རྩ་འཛུགས་འཛུགས་པར་རྒྱབ་སྐྱོར་བྱེད་དགོས། མཉམ་འབྲེལ་ཅན་དང་ལས་རིགས་རང་བཞིན། གནད་འགག་ཅན་བཅས་ཀྱི་དགེ་སྒྲུབ་རྩ་འཛུགས་འཛུགས་པར་ཁྲིད་སྟོན་བྱས་ཏེ། ལས་རིགས་ཀྱི་ཚད་གཞི་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ལས་རིགས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། སྤེལ་རེས་ཀྱི་ལས་སྟེགས་སྐྲུན་པ་སོགས་ཀྱི་ཐད་ནུས་པ་འདོན་སྤེལ་བྱ་དགོས། ཆ་རྐྱེན་འཛོམས་པའི་ལས་རིགས་སམ་སྡེ་ཁག་ཏུ་དགེ་སྒྲུབ་ལས་རིགས་ཡན་ལག་མཐུན་ཚོགས་འཛུགས་པ་དང་། དགེ་སྒྲུབ་ལས་དོན་ས་ཚིགས་འཛུགས་པ། སྤྱི་ཚོགས་ཀྱི་སྤྱི་ཕན་དགེ་སྒྲུབ་བྱེད་སྒོར་ཞུགས་པ་བཅས་ལ་སྐུལ་མ་གཏོང་དགོས། 

6.དགེ་སྒྲུབ་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་དགོས། སྲིད་གཞུང་གི་ལྟ་སྐུལ་དོ་དམ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ། ལས་རིགས་ཀྱི་རང་གཅུན། ནང་ཁུལ་གྱི་རང་སྐྱོང་སོགས་ཟུང་འབྲེལ་བྱེད་པའི་དགེ་སྒྲུབ་བྱ་གཞག་གི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་དགོས། “ཀུན་གསལ་དགེ་སྒྲུབ”ལས་གཞིར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དགེ་སྒྲུབ་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། དགེ་སྒྲུབ་ཆ་འཕྲིན་དུས་ཐོག་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ཁྱབ་སྒྲོག་བྱེད་དགོས། དགེ་སྒྲུབ་རྩ་འཛུགས་ཀྱི་དཔྱད་དཔོག་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཕྱོགས་གསུམ་པའི་ལས་ཁུངས་ཀྱིས་དགེ་སྒྲུབ་རྩ་འཛུགས་ལ་དཔྱད་དཔོག་བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་དགོས། ཁྲིམས་འགལ་བྱ་སྤྱོད་ཞུ་གཏུག་དང་ཐེར་འདོན་བྱེད་ལམ་ཤར་གཏོང་ཐུབ་པ་བྱས་ནས་ཞིབ་བཤེར་ཐག་གཅོད་བྱས་ཚུལ་དུས་ཐོག་ཏུ་ཕྱིར་ལན་སྤྲོད་པ་དང་ཡོངས་བསྒྲགས་བྱེད་དགོས། དགེ་སྒྲུབ་ལས་རིགས་རྩ་འཛུགས་ཀྱིས་ལས་རིགས་ཀྱི་སྤྱི་ཆིངས་གཏན་འབེབས་བྱེད་པར་བརྟེན་ནས་དགེ་སྒྲུབ་རྩ་འཛུགས་དང་དེའི་བྱེད་སྒོར་ཁྲིད་སྟོན་དང་ཚད་ལྡན་དུ་གཏོང་བར་བསྔགས་སྐུལ་བྱ་དགོས། 

(གསུམ།)དགེ་སྒྲུབ་ཞལ་འདེབས་བསྡུ་རྒྱ་ཆེ་རུ་གཏོང་བའི་བྱ་སྤྱོད་སྤེལ་བ། 

7.རྒྱུན་རྣམ་ཅན་གྱི་ཞལ་འདེབས་ཡག་པོ་སྡུད་དགོས། ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང“གཅེས་སེམས་ཉིན་གཅིག་གི་ཞལ་འདེབས་འབུལ”ཞེས་པ་མཚོན་བྱེད་དུ་བྱས་པའི་དམངས་ཡོངས་རང་བཞིན་དང་རྒྱུན་རྣམ་ཅན་གྱི་དགེ་སྒྲུབ་ཞལ་འདེབས་བྱེད་སྒོ་སྤེལ་དགོས། སྟབས་བདེ་དང་རྣམ་པ་སྣ་ཚོགས་ཀྱི་དམངས་ཕན་ཞལ་འདེབས་བྱེད་སྒོ་སྤེལ་ནས་སྤྱི་ཚོགས་ཀྱི་ཞལ་འདེབས་རྒྱུན་རྣམ་ཅན་དང་སྣ་མང་ཅན། དམངས་ཡོངས་ཅན་བཅས་སུ་འགྱུར་བ་བྱེད་དགོས། ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་དགེ་སྒྲུབ་རྩ་འཛུགས་ནང་དུ་མིང་འདོགས་པའི་ཐེབས་རྩ་དང་མིང་འདོགས་པའི་རྣམ་གྲངས། མིང་འདོགས་པའི་བྱེད་སྒོ་སྤེལ་བ་བཅས་ཧུར་ཐག་གིས་དར་སྤེལ་གཏོང་དགོས། 

8.འཕྲལ་བསྟུན་ཞལ་འདེབས་སྡུད་པའི་རྐྱེན་སྲོལ་འཛུགས་དགོས། འཕྲལ་བསྟུན་རོགས་སྐྱོབ་དང་རོགས་སྐྱོབ་རིགས་ཀྱི་དགེ་སྒྲུབ་རྩ་འཛུགས་འཕེལ་རྒྱས་གཏོང་བར་རོགས་སྐྱོར་དང་། གློ་བུར་དུ་བྱུང་བའི་དོན་རྐྱེན་ཚབས་ཆེན་ལ་དགེ་སྒྲུབ་འཕྲལ་བསྟུན་མཐུན་སྦྱོར་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། དགེ་སྒྲུབ་རྩ་འཛུགས་སོགས་སྤྱི་ཚོགས་སྟོབས་ཤུགས་ཀྱིས་འཕྲལ་བསྟུན་ཞལ་འདེབས་དང་རོགས་སྐྱོབ་བྱེད་སྒོ་སྤེལ་བར་དུས་ཐོག་དང་གོ་རིམ་ལྡན་པའི་སྒོ་ནས་ཁྲིད་སྟོན་བཅས་བྱ་དགོས། དགེ་སྒྲུབ་རྩ་འཛུགས་ཀྱིས་འཕྲལ་སྡོམ་རྐྱེན་སྲོལ་འཛུགས་རྒྱུར་སྐུལ་ལྕག་བཏང་ནས་འཕྲལ་སྡོམ་གནས་ཚུལ་འོག་དགེ་སྒྲུབ་དགོས་མཁོའི་ཆ་འཕྲིན་ཁྱབ་བསྒྲགས་དང་དེ་བཞིན་དངོས་ཟོག་སྡུད་ལེན་དང་གསོག་ཉར། བཀོད་སྒྲིག སྐྱེལ་འདྲེན་སོགས་ཀྱི་ལས་ཀའི་རྐྱེན་སྲོལ་ལེགས་སུ་བཏང་སྟེ་དགེ་སྒྲུབ་རྩ་འཛུགས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་ནུས་པ་དང་ཆེད་ལས་ཆུ་ཚད་མཐོ་རུ་གཏོང་དགོས།

9.དགེ་སྒྲུབ་ཞལ་འདེབས་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་དགོས། དྲ་སྦྲེལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་བླང་བྱ་དང་འཚམ་པར་བྱས་ཏེ་དྲ་ཐོག་ནས་ཞལ་འདེབས་སྡུད་པའི་ལས་སྟེགས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དགེ་སྒྲུབ་རྩ་འཛུགས་ཀྱིས་ལེགས་ཆ་ལྡན་པའི་རྣམ་གྲངས་ཁག་གཅིག་བདམས་ནས་དྲ་ཐོག་ནས་ཞལ་འདེབས་སྡུད་པའི་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ། རྒྱལ་ཡོངས་ཀྱི“99སྤྱི་ཕན་ཉིན་མོ”དང་ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱི“བདེ་སྐྱིད་ཁྱིམ་གཞིས་ཕན་ཚུན་རོགས་རེས”སོགས་དྲ་རྒྱའི་ཐོག་ཞལ་འདེབས་སྡུད་པའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ། ཞལ་འདེབས་སྡུད་པའི་ཐབས་ལམ་སྔར་བས་ཤར་གཏོང་ཐུབ་པ། དགེ་སྒྲུབ་རྩ་འཛུགས་ཀྱིས་ཁྲིམས་ལྟར་འོས་འགན་ཕབ་ལེན་དང་འོས་འཚོང་། འོས་སྟོན། འོས་འཁྲབ་སོགས་ཀྱི་བྱེད་སྒོ་སྤེལ་བར་བསྔགས་སྐུལ་བྱེད་པ་དང་། རྐང་དབང་དང་རིན་ལྡན་དངུལ་འཛིན། ཤེས་བྱའི་ཐོན་དངོས་བདག་དབང་སོགས་ཞལ་འདེབས་རྒྱག་སྟངས་གསར་པ་ཁྲིམས་ལྟར་འཚོལ་ཞིབ་བྱེད་དགོས།

10.དགེ་སྒྲུབ་རོགས་སྐྱོབ་ཀྱི་སྤུས་རྟགས་གཏོད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་གཞི་ཚུགས་པ་དང་། མཚོ་བྱང་ཁུལ་གྱི་གནས་ཚུལ་དང་ཟུང་འབྲེལ་གཏིང་ཟབ་བྱས་ཏེ། “‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་རྒྱུན་འཛིན་གྱིས་གཅེས་སེམས་ཞལ་འདེབས་འབུལ་བ”དང“‘སྐྱེ་ཁམས་སྲུང་དམག’གི་གཅེས་སྐྱོང་བྱ་སྤྱོད”། “མ་རྡུལ་མཁར་གྱི་གནས་སྤོའི་གཅེས་སེམས་ཞལ་འདེབས”། “གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གིས་ཕུགས་འདུན་དང་འཚར་ལོངས་ལ་གཞོགས་འདེགས་ཞལ་འདེབས”། “དམིགས་བསལ་སློབ་མའི་དཀའ་ངལ་སེལ་བའི་རོགས་དངུལ་ཞལ་འདེབས”། “བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་གཅེས་སེམས་ཞལ་འདེབས”སོགས་མཚོ་བྱང་གི་མཚོན་རྟགས་གསལ་པོ་ལྡན་པའི་དགེ་སྒྲུབ་རོགས་སྐྱོབ་སྤུས་རྟགས་འཛུགས་དགོས། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང(འདེམས་སྒུག་ཁུལ)གི་སྐྱེ་ཁམས་བདག་སྐྱོང་བ་དང་དེའི་ཁྱིམ་ཚང་དང་། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་དང་དཀའ་ངལ་ཡོད་པའི་སློབ་མ་ཞུགས་པ་སོགས་ལ་དམིགས་ནས་ཆེད་དོན་ཞལ་འདེབས་རྣམ་གྲངས་ཇུས་འགོད་བྱ་རྒྱུར་སྐུལ་ལྕག་གཏོང་དགོས། དམངས་ཆེན་དང་སྲིད་གྲོས་ཀྱིས་དགེ་སྒྲུབ་ཐེབས་རྩ་འཛུགས་པར་རྒྱབ་སྐྱོར་བྱས་ནས་མི་རིགས་ས་ཁུལ་གྱི་སྤྱི་ཕན་བྱ་གཞག་ལ་སྐུལ་འདེད་གཏོང་དགོས། 

(བཞི།)དགེ་སྒྲུབ་རྣམ་གྲངས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་སྤེལ་བ། 

11.དམངས་ཚིས་འགན་སྲུང་ལ་དམིགས་དགོས། དམངས་ལ་ཞབས་འདེགས་ཞུ་བའི་ཁྲིད་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱས་ནས། སྤྱི་ཚོགས་རོགས་སྐྱོབ་དང་སྤྱི་ཚོགས་ཕན་བདེའི་མ་ལག་ཁྲོད་ཀྱི་དགེ་སྒྲུབ་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ་དང་། དགེ་སྒྲུབ་རོགས་སྐྱོར་དང་སྤྱི་ཚོགས་རོགས་སྐྱོབ་འབྲེལ་མཐུད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དགེ་སྒྲུབ་རྩ་འཛུགས་ཀྱིས་སྲིད་གཞུང་གི་མཐའ་སྐྱོང་རོགས་སྐྱོབ་ཁྱབ་མེད་པའི་དཀའ་ངལ་ཡོད་པའི་ཚོགས་སྤྱིར་དམིགས་ནས་དགེ་སྒྲུབ་རོགས་སྐྱོབ་རྣམ་གྲངས་གསར་སྤེལ་ལག་བསྟར་བྱེད་པར་ཁྲིད་སྟོན་བྱེད་དགོས། 

12.རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་དགོས། དགེ་སྒྲུབ་ཐོན་ཁུངས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྱབ་ཁོངས་སུ་ཕྱོགས་པར་བྱ་དགོས། དགེ་སྒྲུབ་ཐེབས་རྩ་དང་དགེ་སྒྲུབ་རྣམ་གྲངས་སོགས་གཞི་རྟེན་དུ་བྱས་ནས་དགེ་སྒྲུབ་སྟོབས་ཤུགས་གྲོང་གསེབ་དར་སྤེལ་དང་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན། སྤྱི་དམངས་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་མཛེས་བཟོ་སོགས་ཁྱབ་ཁོངས་གལ་ཆེན་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་འདེད་གཏོང་དགོས། དགེ་སྒྲུབ་སྟོབས་ཤུགས་ཀྱིས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང(འདེམས་སྒུག་ཁུལ)གི་སྐྱེ་ཁམས་སྲུང་སྐྱོབ་དང་སྡེ་ཁུལ་མཉམ་སྐྲུན། མཐའ་འཁོར་གྱི་དམངས་ཚིས་ལེགས་བཅོས་རྣམ་གྲངས་བཅས་ལ་རྒྱབ་སྐྱོར་བྱེད་པར་བསྔགས་སྐུལ་དང་། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་སྤྱི་ཕན་ཆ་འགྲིག་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ནང་ཞུགས་དགོས། 

13.མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། “དགེ་སྒྲུབ+”འཕེལ་རྒྱས་གཏོང་སྟངས་ལག་བསྟར་བྱས་ཏེ། དགེ་སྒྲུབ་རྩ་འཛུགས་ཀྱིས་རྒན་གསོའི་ཞབས་ཞུ་དང་བྱིས་པར་གཅེས་སྐྱོང་། དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོ། འཆར་ལྡན་བུ་བཙའི་དམིགས་བསལ་ཁྱིམ་ཚང་རོགས་སྐྱོབ་སོགས་ཀྱི་ཁྱབ་ཁོངས་ལ་དོ་ཁུར་བྱེད་པར་ཁྲིད་སྟོན་བྱེད་པ་དང་། “དགོས་མཁོ་དང་རྣམ་གྲངས། བསྡུ་རུབ། ཞབས་ཞུ”བཅས་ཀྱི་མཉམ་འགུལ་རྐྱེན་སྲོལ་བཙུགས་ཏེ། སྤྱི་ཚོགས་ལས་རིགས་ཁག་གིས་ཁ་ཕྱོགས་གཏན་འཁེལ་གྱི་ཞལ་འདེབས་དང་རྣམ་གྲངས་ངོས་འཛིན་རྩིས་ལེན་སོགས་རྣམ་པ་མང་པོར་བརྟེན་ནས་དམིགས་བསལ་ཚོགས་སྤྱི་འཛུགས་པའི་སྤྱི་ཕན་དགེ་སྒྲུབ་རྣམ་གྲངས་དང་འབྲེལ་མཐུད་ཧུར་ཐག་བྱ་དགོས། དགེ་སྒྲུབ་དེ་སློབ་གསོ་དང་ཁོར་ཡུག་སྲུང་སྐྱོབ། སྤྱི་ཚོགས་ལས་དོན། བཟོ་ཚོགས་དང་གཞོན་ནུ། བུད་མེད་སོགས་སྤྱི་ཚོགས་ཀྱི་ཁྱབ་ཁོངས་གཞན་དག་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། “དགེ་སྒྲུབ+གསར་བརྗེའི་རིག་གནས་རྒྱུན་འཛིན”དང་། “དགེ་སྒྲུབ+མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང(འདེམས་སྒུག་ཁུལ)གི་སྐྱེ་ཁམས་སྲུང་སྐྱོབ”སོགས་ཀྱི་ཁྱད་ཆོས་ལྡན་པའི་ཐབས་ལམ་འཚོལ་ཞིབ་བྱེད་དགོས། 

14.གྲོང་སྡེའི་དགེ་སྒྲུབ་འཕེལ་རྒྱས་གཏོང་དགོས། མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་ཐོན་ལས་རོགས་སྐྱོར་དང་ཁོར་ཡུག་མཐོར་གཏོང་སྒྱུར་བཀོད། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་སོགས་ལ་དམིགས་ཏེ། “བདེ་སྐྱིད་ཁྱིམ་གཞིས”ཀྱི་སྡེ་བ་དང་སྡེ་ཁུལ་རོགས་རེས་འདུ་འགོད་ལག་ལེན་བསྟར་བ་དང་། སྲིད་འཛིན་སྡེ་བ(སྡེ་ཁུལ)ལ“བདེ་སྐྱིད་ཁྱིམ་གཞིས”ཀྱི་སྡེ་བ་དང་སྡེ་ཁུལ་རོགས་རེས་ཐེབས་རྩ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། དགེ་སྒྲུབ་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ནང་གཏིང་ཟབ་ཞུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བ། ཁོར་ཡུག་ལེགས་སུ་འགྲོ་བ་བཅས་ལ་སྐུལ་འདེད་གཏོང་དགོས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྣ་མང་ཅན་གྱི་དགོས་མཁོ་དང་གནད་དོན་དེ་སྡེ་ཁུལ་གྱི་དགེ་སྒྲུབ་རྣམ་གྲངས་དང་ཟུང་འབྲེལ་བྱས་ཏེ། “རྒན་པའི་ཟས་རོགས”དང“མཛེས་སྡུག་ལྡན་པའི་གྲོང་གསེབ”སོགས་སྐྱེ་ཁམས་སྲུང་སྐྱོབ་དང་། གྲོང་གསེབ་དར་སྤེལ། གསར་བརྗེ་རྒྱུན་འཛིན་བཅས་མཚོན་པའི་བརྗོད་བྱ་གཙོ་བོའི་རྣམ་གྲངས་ལག་བསྟར་བྱེད་དགོས། 

(ལྔ།)དགེ་སྒྲུབ་བྱེད་པོར་ནུས་པ་སྤྲོད་པའི་བྱ་སྤྱོད་སྤེལ་བ། 

15.ཞལ་འདེབས་ལ་སྐུལ་མ་གཏོང་བའི་རྐྱེན་སྲོལ་འཛུགས་དགོས། དུས་བཀག་ལྟར་གཅེས་སེམས་ཁེ་ལས་དང་གཅེས་སེམས་རྩ་འཛུགས། གཅེས་སེམས་མི་སྒེར་བཅས་དང་དེ་བཞིན་ཕུལ་བྱུང་རྣམ་གྲངས་ལ་བསྔགས་བརྗོད་བྱས་ཏེ། “དགེ་སྒྲུབ་བྱ་སྤྱོད་ལ་བརྩི་འཇོག་ཐོབ་པ”དེ་ཕྱོགས་སྟོན་དུ་འགྱུར་བ་བྱེད་དགོས་པ་མ་ཟད། དཔེ་རིས་དང་རྩོམ་ཡིག བརྙན་སོགས་ཀྱི་རྣམ་པའི་ཐོག་ནས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ཏེ། དགེ་སྒྲུབ་ཀྱི་སྤྱི་ཚོགས་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས། ཞལ་འདེབས་རྒྱག་མཁན་ལ་དགེ་སྒྲུབ་རྩ་འཛུགས་ཀྱིས་ཞལ་འདེབས་ལག་ཁྱེར་སྤྲོད་པ་སོགས་ཀྱི་བྱེད་ཐབས་ཁྱབ་གདལ་བཏང་ནས། དགེ་སྒྲུབ་ནང་ཞུགས་པ་གཟི་བརྗིད་ལྡན་པར་བརྩི་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། ནོར་སྲིད་དང་ཁྲལ་དོན། དམངས་སྲིད་སོགས་སྡེ་ཁག་གིས་དགེ་སྒྲུབ་བྱ་གཞག་ཐད་ཀྱི་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དྲིལ་སྒྲོག་ཤུགས་ཆེན་བྱེད་པ་དང་འབྲེལ་དོན་འཁྱོལ་ཡང་བྱས་ཏེ་སྒྲུབ་གཉེར་བརྒྱུད་རིམ་ལེགས་སུ་གཏོང་དགོས། 

16.དགེ་སྒྲུབ་ལས་དོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། མཚོ་བྱང་ཁུལ་སྤྱི་ཚོགས་རྩ་འཛུགས་ཀྱི་གསོ་སྐྱོང་རྟེན་གཞིར་བརྟེན་ནས་དགེ་སྒྲུབ་ལས་སྒྲུབ་མི་སྣའི་གསོ་སྦྱོང་ལ་སྐུལ་འདེད་བཏང་སྟེ་ཆེད་ལས་རྩལ་ནུས་ཆུ་ཚད་མཐོ་རུ་གཏོང་དགོས། དགེ་སྒྲུབ་རྩ་འཛུགས་ཀྱི་མི་སྣའི་སྟོབས་ཤུགས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་བྱེད་པ་རྒན་གྲས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། ལས་འགན་གཅིག་ལྕོགས་འཁུར་བའི་སྲིད་ཇུས་ཀྱི་བླང་བྱ་དང་མཐུན་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པས་གོ་རིམ་ལྟར་ཆོག་མཆན་བཀོད་རྗེས་རིམ་པ་ཁག་གི་དགེ་སྒྲུབ་རྩ་འཛུགས་ནང་ལས་འགན་གཅིག་ལྕོགས་འཁུར་ཆོག དགེ་སྒྲུབ་རྩ་འཛུགས་ཀྱིས་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་མི་སྣ་བསྡུ་ལེན་བྱེད་པར་བསྔགས་སྐུལ་དང་། ཆ་རྐྱེན་འཛོམས་པའི་དགེ་སྒྲུབ་ལས་དོན་པ་སྤྱི་ཚོགས་ལས་དོན་གྱི་ཤེས་ལྡན་མི་སྣའི་ཆེད་དོན་སྙན་ཞུའི་ནང་ཞུགས་པར་རྒྱབ་སྐྱོར། “དགེ་སྒྲུབ+སྤྱི་ཚོགས་ལས་དོན”གྱི་མཉམ་འདུས་རྣམ་པའི་རྐང་འཛིན་སྟོབས་ཤུགས་ཆེ་རུ་གཏོང་དགོས། 

17.དང་བླངས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། དགེ་སྒྲུབ་རྩ་འཛུགས་དང་སྤྱི་ཚོགས་ལས་དོན་ཞབས་ཞུའི་ལས་ཁུངས། དང་བླངས་ཞབས་ཞུའི་རྩ་འཛུགས་བཅས་ཀྱིས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་ཐོག་དགེ་སྒྲུབ་ཞབས་ཞུ་སྤེལ་བར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་དགོས། དགེ་སྒྲུབ་རྩ་འཛུགས་ཀྱིས་དང་བླངས་ཞབས་ཞུའི་དཔུང་ཁག་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་། དང་བླངས་པ་སྡུད་པ་དང་ཐོ་འགོད། གསོ་སྦྱོང་། ཞབས་ཞུའི་ཟིན་ཐོ། དཔང་ཡིག་འདོན་པ། དྲིན་ལན་འཇལ་བར་སྐུལ་མ་གཏོང་བ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། དང་བླངས་ཞབས་ཞུའི་དཔུང་ཁག་དང་རྩ་འཛུགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རྒྱ་ཆེའི་དང་བླངས་པས་དང་བླངས་ཞབས་ཞུ་སྤེལ་བ་དང་དགེ་སྒྲུབ་བྱེད་སྒོར་ཞུགས་པར་བསྔགས་སྐུལ། དང་བླངས་ཞབས་ཞུ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན། ཆེད་ལས་ཅན་བཅས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཅས་བྱ་དགོས། 

(དྲུག)སྡེ་ཁུལ་གྱི་དགེ་སྒྲུབ་གསོ་སྐྱོང་བྱ་སྤྱོད་སྤེལ་བ། 

18.སྡེ་ཁུལ་དགེ་སྒྲུབ་ཁྲོད་ཡུལ་གྲོང་གི་གཙོ་ཁྲིད་ནུས་པ་ཆེ་རུ་གཏོང་དགོས། ཡུལ་གྲོང་གིས་མགོ་ཁྲིད་ཀྱི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བར་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ཏེ་ཁོངས་གཏོགས་སྡེ་ཁུལ་གྱི་དགེ་སྒྲུབ་འཕེལ་རྒྱས་ཡག་པོ་གཏོང་བ་དང་། “ཡུལ་གྲོང་གཅིག་གྱུར་འཆར་འགོད་དང་། སྡེ་ཁུལ་གཉེར་སྐྱོང་། ཆེད་ལས་ཞབས་ཞུ། དམངས་ཡོངས་ཞུགས་པ”བཅས་ཀྱི་སྡེ་ཁུལ་དགེ་སྒྲུབ་ལས་དོན་གྱི་རྣམ་པ་འཛུགས་པ། ཡུལ་གྲོང་གི་གཅིག་གྱུར་འཆར་འགོད་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ། ལས་སྟེགས་ཀྱི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱེད་པ། སྤྱི་ཕན་དགེ་སྒྲུབ་ཀྱི་སྟོབས་ཤུགས་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ། སྤྱི་ཕན་དགེ་སྒྲུབ་གཞི་རིམ་དུ་སྣུར་སྲིང་བྱེད་པ། དགེ་སྒྲུབ་ལས་དོན་གྱི“མཐའ་མའི་སྤྱི་ལེ་གཅིག”གཏོད་དགོས།

19.སྡེ་ཁུལ་གྱི་དགེ་སྒྲུབ་བྱེད་པོ་གསོ་སྐྱོང་གང་ཐུབ་བྱ་དགོས། སྡེ་ཁུལ་གྱི་རྨང་གཞིའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དོན་དངོས་དང་མཐུན་པའི“རྩ་འཛུགས་ལྔ་མཉམ་འགུལ”གྱིས་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྐྱེན་སྲོལ་འཛུགས་དགོས། སྤྱི་ཕན་རང་བཞིན་གྱི་སྡེ་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་ལས་དོན་པ་དང་སྤྱི་ཚོགས་ཀྱི་ལས་དོན་ཞབས་ཞུའི་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་པ། སྡེ་ཁུལ་གྱི་དང་བླངས་ཞབས་ཞུའི་དཔུང་ཁག་འཕེལ་རྒྱས་ཧུར་ཐག་གཏོང་བ། སྡེ་ཁུལ་གྱི་དགེ་སྒྲུབ་ལས་དོན་ས་ཚིགས་འཛུགས་པར་བསྔགས་སྐུལ་བྱེད་པ། སྤྱི་ཚོགས་ཀྱི་དགེ་སྒྲུབ་ཐོན་ཁུངས་རྒྱ་ཁྱབ་ཏུ་གོང་བུར་འགྲིལ་བ། སྡེ་ཁུལ་གྱི་དགེ་སྒྲུབ་སྣ་མང་ཞུགས་པའི་བྱེད་པོ་འཛུགས་སྐྱོང་བཅས་བྱ་དགོས། 

20.སྡེ་ཁུལ་གྱི་དགེ་སྒྲུབ་རྒྱབ་སྐྱོར་ལས་སྟེགས་འཛུགས་དགོས། ཡུལ་གྲོང་ངམ་ཡང་ན་སྡེ་བ(སྡེ་ཁུལ)ཡིས་དགེ་སྒྲུབ་རྩ་འཛུགས་དང་ལྷག་པར་དུ་སྤྱི་པའི་ཞལ་འདེབས་སྡུད་པའི་ཐོབ་ཐང་ལྡན་པའི་དགེ་སྒྲུབ་རྩ་འཛུགས་ལ་བརྟེན་ནས་དགེ་སྒྲུབ་ཐེབས་རྩ་འཛུགས་རྒྱུའི་གྲོས་འགོ་འདོན་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཁོངས་གཏོགས་ནང་གི་ཁེ་ལས་དང་བྱ་གཞག་ཚན་པ་དང་། ཚོང་དུད། སྡོད་དམངས་བཅས་ཀྱིས་རང་མོས་ངང་སྡེ་ཁུལ་གྱི་དགེ་སྒྲུབ་ཐེབས་རྩར་ཞལ་འདེབས་རྒྱག་པའི་རྣམ་པའི་ཐོག་ནས་སྡེ་ཁུལ་གྱི་དགེ་སྒྲུབ་ནང་ཞུགས་རྒྱུར་སྐུལ་སློང་བྱེད་དགོས། རིམ་པ་ཁག་གི་དགེ་སྒྲུབ་ལྷན་ཚོགས་ཀྱིས་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། མ་དངུལ་ལམ་ཡང་ན་རྣམ་གྲངས་ཀྱི་རོགས་སྐྱོར་བརྒྱུད་དགེ་སྒྲུབ་ཐོན་ཁུངས་གཞི་རིམ་དུ་འཁོར་རྒྱུག་བྱ་རྒྱུར་སྐུལ་འདེད་བཏང་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་རམ་འདེགས་བྱེད་དགོས། 

21.སྡེ་ཁུལ་གྱི་དགེ་སྒྲུབ་ཞབས་ཞུ་རྒྱ་ཁྱབ་ཏུ་སྤེལ་དགོས། སྡེ་བ(སྡེ་ཁུལ)ཡིས་ཉམས་ཞན་ལ་རོགས་སྐྱོར་དང་དཀའ་ངལ་སེལ་བ། རྒན་སྐྱོར། དྭ་ཕྲུག་རོགས་སྐྱོབ། དབང་པོ་སྐྱོན་ཅན་ལ་རོགས་རམ། སྨན་བཅོས་རོགས་སྐྱོར་སོགས་ཐད་ཀྱི་སྤྱི་ཕན་དགེ་སྒྲུབ་རྣམ་གྲངས་སམ་བྱེད་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང(འདེམས་སྒུག་ཁུལ)ཉེ་འཁོར་གྱི་སྡེ་བ(སྡེ་ཁུལ)དང་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་སྡེ་བ(སྡེ་ཁུལ)རུ་ཁྱད་ལྡན་དགེ་སྒྲུབ་ཞབས་ཞུ་སྤེལ་དགོས། སྡེ་བའི(སྡེ་ཁུལ)ཞབས་ཞུའི་དགོས་མཁོ་དང་འཕེལ་རྒྱས་ཀྱི་གནད་དོན་ལ་དམིགས་ཏེ། སྡེ་ཁུལ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལེགས་བཅོས་དང་། སྡེ་ཁུལ་བཅོས་སྐྱོང་ཞབས་ཞུ་མཐོར་འདེགས་སོགས་ཐད་ཀྱི་དམངས་བདེ་དམངས་ཕན་དགེ་སྒྲུབ་རྣམ་གྲངས་ཇུས་འགོད་དང་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། དགེ་སྒྲུབ་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས། སྡེ་བའི(སྡེ་ཁུལ)དགེ་སྒྲུབ་རིག་གནས་སྔོག་འདོན་དང་། དགེ་སྒྲུབ་མི་སྣའི་བྱ་སྤྱོད་དྲིལ་སྒྲོག དང་བླངས་ཞབས་ཞུ་སྤེལ་བ། རོགས་རེས་སོགས་བྱེད་པར་སྐུལ་མ་བཏང་ནས། “དགེ་སྒྲུབ་སྡེ་ཁུལ”དང“དགེ་སྒྲུབ་བདེ་སྐྱིད་ཁྱིམ་གཞིས”གཏོད་པ་དང་ལྷག་པར་དུ“གསར་བརྗེའི་དགེ་སྒྲུབ་རིག་གནས་སྡེ་ཁུལ”ཁག་གཅིག་གཏོད་པ་སོགས་བྱས་ཏེ། མང་ཚོགས་ལ་ཐག་ཉེ་ས་ནས་དགེ་སྒྲུབ་མྱོང་ཚོར་ཐུབ་པ་དང་དགེ་སྒྲུབ་ནང་ཞུགས་ཐུབ་པ་བྱེད་དགོས། 

(བདུན།)དགེ་སྒྲུབ་རིག་གནས་སིམ་པའི་བྱ་སྤྱོད་ལག་བསྟར་བྱེད་པ། 

22.དགེ་སྒྲུབ་གཡུལ་ས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། དགེ་སྒྲུབ་རྣམ་པ་འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་བྱས་ནས་སྡེ་བ(སྡེ་ཁུལ)དང་སྤྱི་གླིང་། ལྗང་ལམ། ཐང་ཆེན་སོགས་སྤྱི་པའི་གནས་ཡུལ་དང་ལྷག་པར་དུ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང(འདེམས་སྒུག་ཁུལ)དང་། སྐྱེ་ཁམས་ཉམས་ལེན་ས་ཚིགས། འཚམས་འདྲི་ལྟེ་གནས་དང་རྐང་ཐང་ས་ཚིགས། དེ་བཞིན་མ་རྡུལ་མཁར་དྲན་གསོ་ཁང་སོགས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་དང་དེ་བཞིན་མཐའ་འཁོར་ས་ཁོངས་སུ་བསྐྲུན་ནས། “གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གཅེས་སེམས་ས་ཚིགས”དང“‘མདེལ་གཉིས་སྐར་གཅིག’གི་དགེ་སྒྲུབ་མཐོང་ཟུར”སོགས་དགེ་སྒྲུབ་ཀྱི་གཞི་རྒྱུ་ཕུན་སུམ་ཚོགས་པ་དང་དགེ་སྒྲུབ་ཀྱི་མཁའ་དབུགས་སྟུག་པ། མྱོང་རོལ་རང་བཞིན་དང་ཐེ་ཞུགས་ཀྱི་བསམ་པ་ལྡན་པ་བཅས་ཀྱི་དགེ་སྒྲུབ་ས་རྟགས(བར་མཐོངས)བསྐྲུན་ནས། ཁྱད་ཆོས་མངོན་གསལ་དོད་པ་དང་ནང་དོན་ཕུན་སུམ་ཚོགས་པའི་དགེ་སྒྲུབ་ལས་སྟེགས་ཤིག་ཆགས་པ་བྱ་དགོས། “ཕྱིར་སྐྱོད་པ་དང་ནང་དུ་གདན་འདྲེན་ཞུ་བའི”བྱེད་ཐབས་སྤྱད་དེ་ཁ་གཏད་རོགས་སྐྱོར་དགེ་སྒྲུབ་ཚོགས་འདུ་དང་དེ་བཞིན་དགེ་སྒྲུབ་འཕེལ་རྒྱས་ཀྱི་སྔོན་ཐོན་ས་ཁུལ་དང་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དགེ་སྒྲུབ་ཐོན་ཁུངས་དང་དགེ་སྒྲུབ་རྣམ་གྲངས་ནང་འདྲེན་ཧུར་ཐག་བྱེད་པ། གཉིས་ཕན་མཉམ་རྒྱལ་ལ་སྐུལ་འདེད་གཏོང་བ། དགེ་སྒྲུབ་གཡུལ་སའི་གསོན་ཤུགས་དང་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། 

23.དགེ་སྒྲུབ་རིག་གནས་འཛུགས་སྤེལ་གསར་གཏོད་བྱ་དགོས། ས་ཁོངས་ཧྲིལ་པོའི་དགེ་སྒྲུབ་རིག་གནས་འཛུགས་སྐྱོང་བྱས་ཏེ་དགེ་སྒྲུབ་སློབ་གསོ་དེ་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཀུན་སྤྱོད་སློབ་གསོའི་ནང་བཅུག་ནས། དགེ་སྒྲུབ་རིག་གནས་ལས་ཁུངས་དང་ཁེ་ལས། སློབ་གྲྭ། སྡེ་ཁུལ། གྲོང་གསེབ། ཁྱིམ་ཚང་བཅས་སུ་ཁྱབ་གདལ་གཏོང་བ་དང་། གསར་བརྗེའི་སློབ་གསོའི་རྟེན་གཞི་དང་སྲིད་དོན་ཚོམས་ཆེན། སྤྱི་པའི་འགྲིམ་འགྲུལ། ཐང་ཆེན་སྤྱི་གླིང་། དངུལ་ཁང་དྲ་ཚིགས་སོགས་སྤྱི་པའི་འདུ་གནས་སུ་རྒྱུན་རྣམ་ཅན་གྱི་དགེ་སྒྲུབ་རིག་གནས་དྲིལ་སྒྲོག་བྱེད་པ་དང་། དགེ་སྒྲུབ་མང་ཚོགས་ཀྱི་འཚོ་བའི་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ། “ཀྲུང་ཧྭའི་དགེ་སྒྲུབ་ཉིན་མོ”སོགས་བརྗོད་དོན་གཙོ་བོའི་དྲིལ་སྒྲོག་བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱེད་པ། དགེ་སྒྲུབ་གསར་བརྗེའི་སློབ་གསོའི་རྟེན་གཞི་དང་རིག་གནས་རོལ་རྩེད་བྱེད་སྒོ། ལུས་རྩལ་འགྲན་བསྡུར། གནས་སྐོར་མཛེས་ལྗོངས་ཁུལ་བཅས་སུ་ཞུགས་རྒྱུར་སྐུལ་འདེད་གཏོང་བ། གཙོ་གནད་དུ“‘མདེལ་གཉིས་སྐར་གཅིག’སློབ་གསོ་རྟེན་གཞི”དང་ནུབ་ལམ་དམག་རྗེས་དྲན་ཁང་། སྨོན་ལམ་མཐོན་པོ་སོགས་གསར་བརྗེའི་མཛེས་ལྗོངས་ཁུལ་དུ“གསར་བརྗེའི་སྤྱི་ཕན་བྱ་སྤྱོད”སོགས་བརྗོད་དོན་གཙོ་བོའི་དགེ་སྒྲུབ་བྱེད་སྒོ་སྤེལ་བ་ཇུས་འགོད་བྱས་ནས། དགེ་སྒྲུབ་འདུ་ཤེས་མི་སེམས་ལ་ཟུག་པར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱི་མི་དགེ་སྒྲུབ་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས། 

24.དགེ་སྒྲུབ་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་དགོས། རང་ཁུལ་གྱི་སྤྱི་ཕན་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་མཁན་རིགས་གཅིག་མཁས་ཅན་གྱི་རིག་མཛོད་བསྐྲུན་ནས་སྤེལ་རེས་དང་བགྲོ་གླེང་བྱས་ཏེ། མཚོ་བྱང་གི་དགེ་སྒྲུབ་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས། ཏང་སྲིད་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པ། མི་དམངས་ཚོགས་པ། སྡེ་བ(སྡེ་ཁུལ)དང་རྩ་འཛུགས་གཞན་དག་བཅས་ཀྱིས་དགེ་སྒྲུབ་བྱེད་སྒོ་སྤེལ་ས་དང་སྟབས་བདེའི་ཆ་རྐྱེན་མཁོ་འདོན་བྱེད་པར་བསྔགས་སྐུལ་དང་ཁྲིད་སྟོན་བྱ་དགོས། དངུལ་རྩའི་ལས་ཁུངས་ཀྱིས་དགེ་སྒྲུབ་རྣམ་གྲངས་ཀྱི་ཁྱད་ཆོས་དང་དགོས་མཁོར་གཞིགས་ནས། དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་བྱེད་སྟངས་གསར་གཏོད་བྱེད་པ་དར་སྤེལ་གཏོང་བ་དང་། གུན་སྐྱོབ་སྤྱི་གཉེར་གྱིས་དགེ་སྒྲུབ་ཞབས་ཞུ་བྱ་ཡུལ་དང་དང་བླངས་པས་རིན་མེད་གུན་སྐྱོབ་ཐོན་རྫས་མཁོ་འདོན་བྱེད་པ་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་དགེ་སྒྲུབ་བྱ་གཞག་ལ་རོགས་སྐྱོར་བྱེད་པར་སྐུལ་མ་གཏོང་དགོས། གསར་འགྱུར་སྨྱན་སྦྱོར་དང་གཞུང་དཔང་ལས་ཁུངས། རྩིས་པའི་ལས་གཉེར་ཁང་། ཁྲིམས་རྩོད་པའི་ལས་གཉེར་ཁང་སོགས་ཚན་པས་སྤྱི་ཕན་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་གཏོང་བར་རོགས་རམ་དང་རྒྱབ་སྐྱོར། གཟིགས་སྐྱོང་བཅས་བྱེད་པར་བསྔགས་སྐུལ་བྱ་དགོས། དགེ་སྒྲུབ་མིང་ཐོག་ནས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་སྤེལ་བར་རྡུང་རྡེག་ཚ་ནན་གཏོང་དགོས། 

གསུམ། འགན་སྲུང་བྱ་ཐབས། 

རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། རྫོང་ཁག་དང་འབྲེལ་ཡོད་སྡེ་ཁག་ཁག་གིས་འགན་འཁྲི་ནན་ཏན་སྒྲུབ་པ་དང་། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། རང་འགུལ་ངང་ལས་འགན་འཁུར་བ། དེ་མཚུངས་ཀྱི་བྱེད་ཐབས་དོན་འཁྱོལ་བཅས་བྱེད་དགོས། མང་ཚོགས་ཚོགས་པའི་རྩ་འཛུགས་ཁག་གིས་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། དགེ་སྒྲུབ་ཞལ་འདེབས་དང་སྤྱི་ཚོགས་རོགས་སྐྱོབ་བྱེད་སྒོའི་ནང་ཧུར་ཐག་ཞུགས་ནས་དགེ་སྒྲུབ་བྱ་གཞག་མགྱོགས་མྱུར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྫོང་ཁག་གིས་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་བཅུག་ནས་དགེ་སྒྲུབ་དང་སྤྱི་ཚོགས་རོགས་སྐྱོབ། སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་གུན་སྐྱོབ་སོགས་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ། དགེ་སྒྲུབ་བྱ་གཞག་དེ་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་བྱེད་དགོས། དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་གཏོང་བའི་འགྲོ་གྲོན་དེ་སྲིད་གཞུང་གི་ལོ་འཁོར་ནོར་སྲིད་སྔོན་རྩིས་ནང་བཅུག་ནས་ནོར་སྲིད་མ་དངུལ་གྱིས་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱན་ཤོག་སྤྱི་ཕན་མ་དངུལ་བེད་སྤྱོད་དོ་དམ་གྱི་གཏན་འབེབས་གཞིར་བཟུང་སྤྱི་ཚོགས་ཕན་བདེ་དང་འབྲེལ་ཡོད་དགེ་སྒྲུབ་རྣམ་གྲངས་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐད་གཅིག་གྱུར་ཐོག་སྤྱོད་དགོས། གཞོགས་འདེགས་དམ་ཟབ་བྱ་དགོས། དམངས་སྲིད་སྡེ་ཁག་གིས་ས་ཁོངས་དེ་གའི་དགེ་སྒྲུབ་ལས་དོན་གྱི་གཙོ་འགན་འཁུར་མཁན་གྱི་འགན་ནུས་ནན་ཏན་སྒོས་སྒྲུབ་དགོས། དྲིལ་སྒྲོག་དང་དྲ་འཕྲིན། རིག་ལུས་གནས་སྐོར་རྒྱང་བརྙན། འཕྲིན་གཏོང་སོགས་སྡེ་ཁག་གིས་དགེ་སྒྲུབ་བྱ་གཞག་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་དགོས། ནོར་སྲིད་དང་ཁྲལ་དོན་སོགས་སྡེ་ཁག་གིས་སྲིད་གཞུང་གི་ཉོ་སྒྲུབ་ཞབས་ཞུ་དང་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ། དགེ་སྒྲུབ་རྩ་འཛུགས་སྐྱེད་སྲིང་འཕེལ་རྒྱས་དང་ལྟ་སྐུལ་དོ་དམ་ལས་དོན་ཡག་པོ་སྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་དམངས་སྲིད་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ་དགེ་སྒྲུབ་གཟེངས་བསྟོད་བྱ་དགའ་འོས་སྦྱོར་དང་དཔྱད་ཞིབ། འབྲེལ་ཡོད་ཐོབ་ཐང་དོན་འཁྱོལ་བཅས་ཡག་པོ་བྱེད་པ་དང་། དགེ་སྒྲུབ་རྩ་འཛུགས་ཀྱིས་ངལ་རྩོལ་གན་རྒྱ་དང་གླ་ཕོགས། མི་དོན། སྤྱི་ཚོགས་གུན་སྐྱོབ་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་བཅས་དོན་འཁྱོལ་བྱེད་པར་ལྟ་སྐུལ་དང་མཛུབ་ཁྲིད་བྱས་ཏེ། ལས་གཉེར་མི་སྣའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཏན་ཏིག་བྱེད་དགོས། རྒྱ་གྲམ་དམར་པོ་ཚོགས་པས་ལས་ཀའི་འགན་འཁྲི་དང་སྒྲིག་ཡིག་ལ་གཞིགས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ཞལ་འདེབས་དང་དང་བླངས་ཞབས་ཞུ་སོགས་དགེ་སྒྲུབ་ཀྱི་བྱེད་སྒོ་སྤེལ་བ་དང་དེའི་ནང་ཞུགས་དགོས། སྤྱི་བདེ་དང་ཁྲོམ་ར་རྟོག་དམ། གྲོང་ཁྱེར་དོ་དམ་སོགས་སྡེ་ཁག་གིས་དམངས་སྲིད་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་ཁྲིམས་འགལ་ངང་ཞལ་འདེབས་སྡུད་པའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་དགོས། བཟོ་ཚོགས་དང་གུང་གཞོན་ཨུ་ལྷན། བུད་མེད་མཉམ་ལྷན། བཟོ་ཚོང་མཉམ་ལྷན། དབང་པོ་སྐྱོན་ཅན་མཉམ་ལྷན་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་འབྲེལ་ཡོད་དགེ་སྒྲུབ་བྱེད་སྒོར་རྒྱབ་སྐྱོར་དང་དེའི་ནང་ཧུར་ཐག་ཞུགས་ནས་ཐུན་མོང་ཐོག་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། 

ཀླུ་མོ་མཚོས་བསྒྱུར།


སྐབས་སྔོན་མ། མཚོ་བྱང་ཁུལ་གྱི་ཤེས་ཐོན་བདག་དབང་ཁྱབ་ཁོངས་ཀྱི་ཁུལ་དང་རྫོང་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་བཅོས་སྒྱུར་གྱི་ལག་བསྟར་ཇུས་གཞི།
སྐབས་རྗེས་མ། མེད།
མཉམ་སྤྱོད།