མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས12ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མི་རིགས་གཞུང་ལུགས་དང་སྲིད་ཇུས།

2022-11-19 12:17:09   |   244

རྩོམ་སྒྲིག  སངས་དོན།     ལོ་ཙཱ།  རྡོ་རྗེ་བྱམས།      བཤེར་འབེབས།     རིནཆེན་ཚེ་རིང་།    


1.ཞི་ཅིན་ཕིང་གི་དུས་རབས་གསར་བའི་མི་རིགས་ལས་དོན་གྱི་དགོངས་པ་ནི། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་རིགས་ལས་དོན་ཐད་དུ་དགོངས་པ་གསར་བ་དང་ཆོད་གཏམ་གསར་བ། ལྟ་བ་གསར་བ་བཅས་རབ་དང་རིམ་པ་བཏོན་ཏེ། ཇུས་ཐག་གསར་བ་དང་བཀོད་སྒྲིག་གསར་བ། བླང་བྱ་གསར་བ་བཅས་རབ་དང་རིམ་པ་བཟོས་ནས། དུས་བབ་གསར་བའི་ཁྲོད་རང་རྒྱལ་གྱི་མི་རིགས་ལས་དོན་ཁྲོད་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་གཏིང་ཟབ་པའི་སྒོ་ནས་ལན་བཏབ་པས། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་འདུན་མ་མཉམ་དུ་འབད་པས་བསྐྲུན”ཞེས་པ་སྲོག་ཤིང་གི་འདུ་ཤེས་སུ་གྱུར་བའི་མི་རིགས་ལས་དོན་གྱི་དགོངས་པའི་གཞུང་ལུགས་མ་ལག་གྲུབ་པ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་མི་རིགས་ལས་དོན་གྱི་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཚད་རིམ་གསར་བའི་སྒོ་མོ་ཕྱེས་ཏེ། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་བ་གཏོད་ཆེད་བསམ་བློའི་མཛུབ་ཁྲིད་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད་པ་རེད། 

2.ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་ཅན་གྱི་གནས་སྟངས་ཞེས་པ་འདི་ནི། སྐུ་ཞབས་ཧྥེ་ཞོ་ཐུང་གིས1988ལོར་ཞང་ཀང་རྒྱ་ཡིག་སློབ་ཆེན་དུ་གཏམ་བཤད་གནང་སྐབས་ཐོག་མར་བཏོན་པའི་གོ་དོན་ཞིག་ཡིན། ཁོང་གི་ལྟ་ཚུལ་ལྟར་ན། ཀྲུང་ཧྭ་མི་རིགས་ནི་ཉེ་བའི་ལོ་བརྒྱའི་རིང་ཀྲུང་གོ་དང་ནུབ་ཕྱོགས་བཙན་དབང་རྒྱལ་ཁབ་ཀྱི་འཐབ་རྩོད་ཁྲོད་བྱུང་བ་ཞིག་ཡིན་ལ། ཡང་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་བརྒྱུད་རིམ་ཁྲོད་གྲུབ་པའི“སྣ་མང”ཞེས་པ་ནི་ཀྲུང་ཧྭ་མི་རིགས་གྲུབ་བྱེད་ཀྱི་མི་རིགས56ནི་སྣ་མང་ཅན་ཡིན་པར་གོ་བ་དང་། “གཞི་གཅིག”ཞེས་པ་ཀྲུང་ཧྭ་མི་རིགས་ནི་མི་རིགས56ལས་གྲུབ་པའི་གཅིག་གྱུར་གྱི་ཕུང་པོ་ཞིག་ཡིན་པར་སྟོན་པ་རེད། 

མི་རིགས་མང་པོའི་གཅིག་གྱུར་ཆེན་པོ་དང་མི་རིགས་སོ་སོ་སྣ་མང་གཞི་གཅིག་ཅན་དུ་གྱུར་བ་ནི་ལོ་རྒྱུས་ཀྱིས་ང་ཚོར་བཞག་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་ལ། རང་རེའི་རྒྱལ་ཁབ་ཀྱི་དགེ་མཚན་གལ་ཆེན་ཞིག་ཀྱང་རེད། ལོ་ངོ་སྟོང་ཕྲག་འགའི་རིང་གི་ལོ་རྒྱུས་འཕེལ་འགྱུར་བརྒྱུད། རང་རྒྱལ་གྱི་མི་རིགས་སོ་སོ་ཁྱབ་ཚུལ་ཐད་སྣོལ་འབྲེལ་འདྲེས་སྡོད་དང་རིག་གནས་ཐད་མཉམ་སྡུད་མཉམ་གསོག དཔལ་འབྱོར་ཐད་ཕན་ཚུན་བརྟེན་རེས། བརྩེ་དུང་ཐད་ཕན་ཚུན་མཛའ་གཅུགས་བཅས་བྱུང་སྟེ། ཁྱོད་ཀྱི་ཁྲོད་དུ་ང་ཡོད་པ་དང་ངའི་ཁྲོད་དུ་ཁྱོད་ཡོད་པ། སུ་ཡང་སུ་དང་ཁ་འབྲལ་ཐབས་མེད་པའི་སྣ་མང་གཞི་གཅིག་གི་གནས་སྟངས་ཆགས་ཡོད། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་ཏུ་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་གནས་སྟངས་ཀྱི་བརྗོད་དོན་དང་དེའི་ནང་གནས་གཏན་ཚིགས་ཀྱི་འབྲེལ་བ་གསལ་འགྲེལ་གནང་ཡོད། ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་ཅན་གྱི་གནས་སྟངས་ཞེས་པའི་གཞི་གཅིག་ཁྲོད་དུ་སྣ་མང་འདུ་བ་དང་། སྣ་མང་གིས་གཞི་གཅིག་གྲུབ། གཞི་གཅིག་སྣ་མང་དང་ཁ་འབྲལ་ཐབས་མེད་ལ། སྣ་མང་ཡང་གཞི་གཅིག་དང་ཁ་འབྲལ་ཐབས་མེད། གཞི་གཅིག་ནི་གཙོ་ཐིག་དང་ཁ་ཕྱོགས་ཡིན་ལ། སྣ་མང་ནི་གཞི་རྒྱུ་དང་སྒུལ་ཤུགས་ཡིན་པས། དེ་གཉིས་ནི་རྩོད་སྒྲུབ་གཅིག་གྱུར་ཡིན། ཀྲུང་ཧྭ་མི་རིགས་དང་མི་རིགས་སོ་སོའི་འབྲེལ་བ་ནི། དཔེར་ན། ཁྱིམ་ཚང་ཆེན་པོ་ཞིག་དང་ཁྱིམ་ཚང་གི་ཁོངས་མིའི་འབྲེལ་བ་ཡིན་ལ། མི་རིགས་སོ་སོའི་འབྲེལ་བ་ནི་ཁྱིམ་ཚང་ཆེན་པོ་ཞིག་གི་ཁོངས་མི་མི་འདྲ་བ་སོ་སོའི་འབྲེལ་བ་ཡིན། 

3.མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཞེས་པ་ནི། རྒྱལ་ཁབ་ཀྱི་གཅིག་གྱུར་མགོ་ཁྲིད་འོག་ཏུ། གྲངས་ཉུང་མི་རིགས་སོ་སོ་འདུས་སྡོད་བྱེད་པའི་ས་གནས་སུ་ས་ཁོངས་རང་སྐྱོང་ལག་བསྟར་བྱས་ནས། རང་སྐྱོང་ལས་ཁུངས་བཙུགས་ཏེ། རང་སྐྱོང་དབང་ཆ་སྤྱོད་པའི་ལམ་ལུགས་ལ་ཟེར། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། 

4.ཀྲུང་གོའི་ཁྱད་ཆོས་ཀྱིས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་དང“རྒྱུན་འཁྱོངས་བརྒྱད”ནི། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་རྒྱུན་འཁྱོངས་བྱེད་པ། མི་རིགས་སོ་སོ་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱེད་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། མི་རིགས་སོ་སོས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་རྒྱུན་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་ཕུང་བོ་གཅིག་ཡིན་པའི་བསམ་བློའི་རྨང་གཞི་བརྟན་པོ་འདིང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བཅས་བྱེད་པ་ལ་ཟེར། 

5.“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་འདུན་མ་མཉམ་དུ་འབད་པས་བསྐྲུན།” ཞེས་པ་ནི། 2015ལོའི་ཟླ9ཚེས30ཉིན། བློ་མཐུན་ཞི་ཅིན་ཕིང་གིས་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་ཕུལ་བྱུང་འཐུས་མིར་མཇལ་འཕྲད་གནང་སྐབས། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་འདུན་མ་མཉམ་དུ་འབད་པས་བསྐྲུན།”ཞེས་བཏོན་པ་རེད། དེའི་ནང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མི་རིགས་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གཅིག་སྡུད་ཀྱིས་སྙིང་བསྡུས་བྱས་ཡོད་ལ། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་མི་རིགས་ལས་དོན་གྱི་དགོངས་པ་གལ་ཆེན་གྱི་སྲོག་ཤིང་འདུ་ཤེས་ཡིན་པ་དང་། དེ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དེ་མི་རིགས་ལས་དོན་ཁྱབ་ཁོངས་ཁྲོད་དུ་གསོན་ཉམས་ལྡན་པར་མཚོན་པ་ཞིག་རེད། 

6.ཀྲུང་ཧྭ་མི་རིགས་ཕུང་བོ་གཅིག་གི་འདུ་ཤེས་ནི། གནའ་སྔ་མོ་ནས་བཟུང་རང་རྒྱལ་ནི་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས་མི་རིགས་སོ་སོས་རྒྱུན་ཆད་མེད་པར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱས་ཏེ། ཁྱེད་ཀྱི་ཁྲོད་དུ་ང་ཡོད་པ་དང་ངའི་ཁྲོད་དུ་ཁྱེད་ཡོད་པ། སུ་ཡང་སུ་དང་ཁ་འབྲལ་ཐབས་མེད་པའི་སྣ་མང་གཞི་གཅིག་གི་གནས་སྟངས་ཆགས་ནས། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་ཕུང་བོ་གཅིག་ཡིན་པ་ལྟར་གྲུབ་པ་རེད། ཀྲུང་ཧྭ་མི་རིགས་ཕུང་བོ་གཅིག་གི་འདུ་ཤེས་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་ཡིན་པ་ལོ་རྒྱུས་ལས་ར་སྤྲོད་བྱུང་ཡོད། མིག་སྔར་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་པར་རྩ་བའི་ཆ་ནས་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ཆེ་རུ་གཏོང་དགོས་པ་དང་། མི་རིགས་སོ་སོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པ། ཀྲུང་ཧྭ་མི་རིགས་ཕུང་བོ་གཅིག་གི་འདུ་ཤེས་གསོ་སྐྱོང་དང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། 

7.ཐུན་མོང་གཉིས་ནི། མི་རིགས་སོ་སོས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་པ་ལ་ཟེར། 

8.གཙོ་གནད་གཉིས་ནི། མི་རིགས་ལས་དོན་གྱི་གཙོ་གནད་ནི་དུས་རྒྱུན་དང་རྒྱུན་ལྡན་དམ་འཛིན་ཡག་པོ་བྱེད་པ་ཡིན་ལ། མི་རིགས་མཐུན་སྒྲིལ་གྱི་གཙོ་གནད་ནི་སེམས་པ་མཐུན་པ་དང་སྙིང་གཏམ་ཤོད་རེས་བྱ་རྒྱུ་དེ་ཡིན། 

9.མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བར“ཟུང་འབྲེལ་གཉིས”བྱེད་ཐུབ་དགོས་ཏེ། གཅིག་གྱུར་དང་རང་སྐྱོང་ཟུང་འབྲེལ་བྱེད་པ་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ཟུང་འབྲེལ་བྱེད་དགོས། 

10.མི་རིགས་ཀྱི་ལས་དོན་ནི“དོན་ཆེན་གསུམ”ཡིན་ཏེ། མེས་རྒྱལ་གོང་བུ་གཅིག་གྱུར་དང་མཐའ་མཚམས་སྲ་བརྟན་ཡོང་བ་དང་འབྲེལ་བའི་དོན་ཆེན་ཞིག་ཡིན་པ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བའི་དོན་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཡུན་རིང་བདེ་འགོད་དང་ཀྲུང་ཧྭ་མི་རིགས་དར་རྒྱས་གོང་འཕེལ་ཡོང་བ་དང་འབྲེལ་བའི་དོན་ཆེན་ཞིག་བཅས་ཡིན། 

11.མི་རུང་བ་གསུམ་ནི། མི་རིགས་ས་ཁོངས་རང་སྐྱོང་ནི་ཏང་གིས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་ཉམས་མྱོང་ཞིག་ཡིན་པའི་ཆ་ལ་ཐེ་ཚོམ་ཟ་མི་རུང་བ་དང་། རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པའི་ཆ་ནས་གཡོ་འགུལ་གཏོང་མི་རུང་བ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་དགེ་མཚན་ཆེན་པོ་ཞིག་ཡིན་པའི་ཆ་ནས་ཉམས་ཞན་དུ་གཏོང་མི་རུང་བ་བཅས་ཡིན། 

12.མི་འཕྲོད་པ་གསུམ་ཞེས་པ་ནི། གྲོང་ཁྱེར་དུ་ཡོང་བའི་གྲངས་ཉུང་མི་རིགས་མང་ཚོགས་ལ་གྲོང་ཁྱེར་གྱི་འཚོ་བ་དང་དོ་དམ་བྱེད་སྟངས་མི་འཕྲོད་པ་དང་། གྲོང་ཁྱེར་སྡོད་དམངས་ལ་ཁོ་ཚོའི་འཚོ་བ་དང་བྱ་སྤྱོད་སྤེལ་སྟངས་ཁ་ཤས་མི་འཕྲོད་པ། དེ་བཞིན་གྲོང་ཁྱེར་དོ་དམ་སྡེ་ཁག་གི་ལས་དོན་སྤེལ་སྟངས་དང་དོ་དམ་ལམ་སྲོལ་སོགས་ཧ་ཅང་འཕྲོད་པོ་མེད་པར་ཟེར། 

13.མཉམ་དུ་བསྡམས་མི་རུང་བ་གསུམ་ནི། མི་རིགས་རང་སྐྱོང་ས་གནས་ག་གེ་མོའི་ཆ་ཤས་ཀྱི་དོན་རྐྱེན་དེ་མི་རིགས་རང་སྐྱོང་ས་གནས་ཧྲིལ་པོ་དང་མཉམ་དུ་བསྡམས་མི་རུང་བ་དང་། གྲངས་ཉུང་མི་རིགས་ཤིག་གི་ཁྲོད་ཀྱི་མི་ཆེས་ཉུང་ཤས་ཤིག་གིས་ཟིང་ཆ་བསླངས་ན་མི་རིགས་དེ་ཡོངས་དང་མཉམ་དུ་བསྡམས་མི་རུང་བ། གྲངས་ཉུང་མི་རིགས་ཀྱི་མི་སྣའི་སྟེང་དུ་བྱུང་བའི་དོན་དག་དེ་ལག་ལེན་ཐོག་ནས་ར་སྤྲོད་བྱས་ཟིན་པ་དང་དུས་ཡུན་རིང་པོར་སྤྱོད་གོ་ཆོད་པའི་མི་རིགས་སྲིད་ཇུས་དང་མཉམ་དུ་བསྡམས་མི་རུང་བ་བཅས་ཡིན། 

14.མི་རིགས་ས་ཁུལ་གྱི་ལས་བྱེད་པ་བཟང་པོས“དམིགས་བསལ་གསུམ”སྒྲུབ་ཐུབ་དགོས་པ་ནི། ཡིན་མིན་ཆེན་པོའི་ལངས་ཕྱོགས་ཧ་ཅང་གསལ་པོ་ཡིན་པ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་བྱ་སྤྱོད་ཧ་ཅང་བརྟན་པོ་ཡིན་པ། མི་རིགས་སོ་སོའི་མང་ཚོགས་ལ་དགའ་བའི་བརྩེ་དུང་ཧ་ཅང་རྣམ་དག་ཡིན་པ་བཅས་སྒྲུབ་ཐུབ་དགོས། 

15.མི་རིགས་ལས་དོན་གྱི་དཔུང་ཁག་བཞི་ནི། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པ། གྲངས་ཉུང་མི་རིགས་ཀྱི་འཐུས་ཚབ་མི་སྣ་དང་ཤེས་ལྡན་པ། མི་རིགས་ལས་དོན་སྡེ་ཁག་གི་ལས་བྱེད་པ་བཅས་ཡིན། 

16.ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱེད་དགོས་པ་ནི། 2017ལོར་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་རེད། 《བསམ་འཆར》ནང་ནན་བཤད་བྱས་དོན། ཁྲིམས་ལྟར་རྒྱལ་སྐྱོང་གི་གཞི་རྩའི་ཇུས་གཞི་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། མི་རིགས་སོ་སོའི་བར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་འདུན་མ་མཉམ་དུ་འབད་པས་བསྐྲུན།”ཞེས་པར་སྐུལ་འདེད་དང་མངོན་འགྱུར་བྱ་དགོས་པ་བསྟན་ཡོད། ཁྲིམས་ལྟར་མི་རིགས་ཀྱི་ལས་དོན་བཅོས་སྐྱོང་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ནང་དོན་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྟར་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཡང་དག་རྒྱུན་འཁྱོངས་བྱེད་པའི་གནད་འགག་གི་ལྷུ་ཚིགས་ཤིག་ཡིན་ལ། མི་རིགས་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་གཞི་འཛིན་ས་གལ་ཆེན་ཞིག་ཀྱང་ཡིན། 

17.མི་རིགས་ལས་དོན་ཁྲིམས་སྐྱོང་ཅན་དུ་བསྒྱུར་བའི“མ་ལག་བཞི”ནི། འཐུས་སྒོ་ཚང་བའི་མི་རིགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་དང་། ལས་ཆོད་ཆེ་བའི་མི་རིགས་ཁྲིམས་སྐྱོང་ལག་བསྟར་མ་ལག  ཚགས་དམ་པའི་མི་རིགས་ཁྲིམས་སྐྱོང་ལྟ་སྐུལ་མ་ལག  ནུས་ལྡན་གྱི་མི་རིགས་ཁྲིམས་སྐྱོང་འགན་སྲུང་མ་ལག་བཅས་ཡིན། 

18.མཉམ་གནས་ལྔ་ནི། མི་རིགས་ལས་དོན་ལ་འཕྲད་པའི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ཡིན་ཏེ། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལས་བྱུང་བའི་གོ་སྐབས་དང་འགྲན་སློང་གཉིས་མཉམ་གནས་ཡིན་པ་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་དང་འཕེལ་རྒྱས་ཀྱི་ཆུ་ཚད་དམའ་བ་གཉིས་མཉམ་གནས་ཡིན་པ། རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་ཕྱིན་པ་དང་མི་རིགས་ས་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་སྔར་བཞིན་ཉམས་ཞན་ཡིན་པ་གཉིས་མཉམ་གནས་ཡིན་པ། མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་འཕེལ་ཕྱོགས་ཆེ་རུ་ཕྱིན་པ་དང་མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་འགལ་བ་དང་རྩོད་གཞི་མང་དུ་སོང་བ་མཉམ་གནས་ཡིན་པ། མི་རིགས་ཁ་བྲལ་དང་ཆོས་ལུགས་ཐལ་དྲགས། གཏུམ་སྤྱོད་འཇིགས་སྐུལ་བཅས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཕན་འབྲས་མངོན་གསལ་དོད་པ་དང་ས་ཁུལ་ཁ་ཤས་སུ་གཏུམ་སྤྱོད་འཇིགས་སྐུལ་གྱི་བྱེད་སྒོ་མང་པོ་བྱུང་བ་མཉམ་གནས་ཡིན་པ་བཅས་ལ་ཟེར།

19.མོས་མཐུན་ལྔ་ནི། རླབས་ཆེན་གྱི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་མཐུན་བྱེད་དགོས་པ་ལ་ཟེར། 

20.མི་རིགས་ས་ཁུལ་གྱི“ས་ཁུལ་དྲུག”གི་ཁྱད་ཆོས་ནི། ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་དང་ཆུ་རྒྱུད་ཀྱི་འབྱུང་ཁུངས་ཁུལ། སྐྱེ་ཁམས་འགོག་ཡོལ་ཁུལ། རིག་གནས་དམིགས་བསལ་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ཡིན། 

21.ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་ནི། འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་མི་རིགས་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བའི་ཚོགས་འདུ་གལ་ཆེན་ཞིག་ཡིན། སྔ་རྗེས་སུ1992ལོ་དང1999ལོ། 2005ལོ། 2014ལོ་བཅས་སུ་ཐེངས4ལ་སྐོང་འཚོགས་བྱས་པ་རེད། 

22.གྲོང་ཁྱེར་མི་རིགས་ལས་དོན་ནི། ཕྱོགས་གཅིག་ནས་གྲོང་ཁྱེར་གྱི་གྲངས་ཉུང་མི་རིགས་ཁ་གཏད་ཡུལ་གཙོ་བོ་ཡིན་པའི་མི་རིགས་ལས་དོན་ལ་ཟེར་བ་དང་། ཕྱོགས་གཞན་ཞིག་ནས་གྲོང་ཁྱེར་གྱི་ནུས་པ་དང་འབྲེལ་བ་ཡོད་པའི་མི་རིགས་ཀྱི་ལས་དོན་ལ་ཟེར། གྲོང་ཁྱེར་མི་རིགས་ལས་དོན་གྱི་གཙོ་གནད་ནི་གྲངས་ཉུང་མི་རིགས་ཀྱི་སྐོར་སྐྱོད་མི་གྲངས་ཡིན་པ་དང་། སྲོག་ཤིང་ནི་སྤྲོ་སེམས་འཁོལ་བའི་ངང་ནས་ཞབས་ཞུ་དང་ཁྲིམས་ལྟར་དོ་དམ་བྱེད་པ་ཡིན། འཇུག་སྒོ་ནི་སྡེ་ཁུལ་གྱི་མི་རིགས་ལས་དོན་ཡིན་ཞིང་། དམིགས་ཡུལ་ནི་གྲོང་ཁྱེར་གྱིས་གྲངས་ཉུང་མི་རིགས་མང་ཚོགས་སྔར་ལས་ལེགས་པའི་སྒོ་ནས་བསྡུ་ལེན་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་གྲོང་ཁྱེར་དུ་སྔར་ལས་ལེགས་པར་ཞུགས་ཐུབ་པ་བྱ་རྒྱུ་དེ་ཡིན། 

23.རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ་ནི། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མངགས་བཅོལ་བྱས་པ་ལྟར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་སོགས་སྡེ་ཁག་གིས་གྲངས་ཉུང་མི་རིགས་ཀྱི་སྔོན་ཐོན་མི་སྒེར་དང་འཐུས་ཚབ་མི་སྣ་སྒྲིག་འཛུགས་བྱས་ནས་རྒྱལ་ཡོངས་ས་གནས་ཁག་ཏུ་ལྟ་སྐོར་དང་སློབ་སྦྱོང་ལ་ཁྲིད་པའི་བྱེད་སྒོ་ལ་ཟེར། བྱེད་སྒོ་འདི་རུ1950ལོའི་རྒྱལ་སྟོན་ནས་བཟུང་། གྲངས་ཉུང་མི་རིགས་ཀྱི་སྤུན་ཟླ་སྐོར་དང་སྐོར་བྱས་ཏེ་ལྟ་སྐོར་ཚོགས་པའི་བྱེད་སྒོར་ཞུགས་པ་བརྒྱུད། རྒྱལ་ཁབ་ལ་རྒྱུས་ལོན་ཟབ་མོ་བྱུང་སྟེ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བྱས་ཡོད། 

24.རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་ལམ་ལུགས་ཞེས་པ་ནི། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་སྣེ་ཁྲིད་བྱས་ལ། འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་དང་། སློབ་གསོ་པུ། ཚན་རྩལ་པུ། བཟོ་ལས་དང་ཆ་འཕྲིན་ཅན་པུ། སྤྱི་བདེ་པུ། དམངས་སྲིད་པུ། ནོར་སྲིད་པུ་སོགས་འབྲེལ་ཡོད་སྡེ་ཁག་གིས་གཅིག་ལྕོགས་ཨུ་ཡོན་གྱི་འགན་ཁུར་ནས། ཕྱོགས་སོ་སོའི་ལེགས་ཆ་འདོན་སྤེལ་བྱས་ཏེ། མི་རིགས་ལས་དོན་ཐུན་མོང་ཐོག་ཡག་པོ་སྒྲུབ་པའི་ལམ་ལུགས་ཤིག་ལ་ཟེར། 

མི་རིགས་འབྲེལ་བ།

25.སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གསར་བ་ནི། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཡིན་པ་ལ་ཟེར།  དེའི་ཁྲོད་འདྲ་མཉམ་ནི་རྨང་རྡོ་དང་། མཐུན་སྒྲིལ་ནི་གཙོ་ཐིག  རོགས་རེས་ནི་འགན་ལེན། འཆམ་མཐུན་ནི་ངོ་བོ་བཅས་ཡིན། 

26.མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བའི་ཐོལ་བྱུང་དོན་རྐྱེན་ཞེས་པ་ནི། གྲངས་ཉུང་མི་རིགས་ཀྱི་མི་སྣ་དང་། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་ལ་འབྲེལ་བ་ཡོད་པ་དང་། དེ་བཞིན་མི་རིགས་མཐུན་སྒྲིལ་ལ་ཤུགས་རྐྱེན་ཐེབས་སྲིད་པའི་རྒྱུ་རྐྱེན་དང་ཐོལ་བྱུང་། སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོ་བའམ་བཟོ་སྲིད་པ། འཕྲལ་དུ་འཚུབ་ཟློག་གི་བྱེད་ཐབས་སྤྱད་དེ་ཁ་གཏད་འཇལ་དགོས་པའི་སྤྱི་ཚོགས་བདེ་འཇགས་རིགས་ཀྱི་དོན་རྐྱེན་གཞན་དག་ལ་ཟེར། 

27.མཐུན་གསུམ་ནི། ཞི་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། འཆམ་མཐུན་གོང་འཕེལ་བཅས་ལ་ཟེར། 

28.འབྲེལ་བ་གསུམ་ནི། འགྲོ་འོང་དང་བརྗེ་རེས།  མཉམ་འདྲེས་བཅས་ཀྱི་འབྲེལ་བ་ལ་ཟེར། 

29. ཅན་གསུམ། མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་མང་ཚོགས་ཅན་དང་། མི་ཆོས་ཅན། དངོས་གཞི་ཅན་བཅས་སུ་བསྒྱུར་བ་ལ་ཟེར།

30. མཉམ་དུ་བཞི་ནི། མི་རིགས་སོ་སོའི་མང་ཚོགས་མཉམ་དུ་སྡོད་པ་དང་མཉམ་དུ་སློབ་སྦྱོང་། མཉམ་དུ་ལས་ཀ་བྱེད་པ། མཉམ་དུ་སྤྲོ་སྐྱིད་གཏོང་བ་བཅས་ལ་ཟེར།

31. ཕན་ཚུན་དྲུག་ནི། མི་རིགས་སོ་སོའི་མང་ཚོགས་ཀྱིས་ཕན་ཚུན་ལ་ཤེས་རྟོགས་དང་ཕན་ཚུན་ལ་བརྩི་འཇོག  ཕན་ཚུན་ལ་བཟོད་སྒོམ། ཕན་ཚུན་ལ་མྱོང་རོལ། ཕན་ཚུན་ལ་སློབ་སྦྱོང་། ཕན་ཚུན་ལ་རོགས་རམ་བཅས་བྱེད་པར་ཟེར།

32. སྐྱོད་པ་དགུ་ནི། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དེ་ལས་ཁུངས་དང་། ཁེ་ལས། སྡེ་ཁུལ། ཡུལ་གྲོང་། སློབ་གྲྭ ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ། དམག་སྒར། ཁྲོམ་ར། ཁྱིམ་ཚང་བཅས་སུ་སྐྱོད་པ་ལ་ཟེར།

33. སྤུན་ཟླ་གཉེན་ཉེ་ལྟར་བརྩེ། ཕན་ཚུན་ལྟ་སྐྱོང་རོགས་རེས་བྱེད་ཅེས་པ་ནི། མི་རིགས་སོ་སོའི་མང་ཚོགས་མཉམ་དུ་སྡོད་པ་དང་མཉམ་དུ་སློབ་སྦྱོང་། མཉམ་དུ་ལས་ཀ་བྱེད་པ། མཉམ་དུ་སྤྲོ་སྐྱིད་གཏོང་བ་བཅས་བྱེད་པའི་སྤྱི་ཚོགས་ཀྱི་ཆ་རྐྱེན་བསྐྲུན་ནས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་ནང་མི་རིགས་སོ་སོའི་བར་སྤུན་ཟླ་གཉེན་ཉེ་ལྟར་བརྩེ་བ་དང་། ཕན་ཚུན་ལྟ་སྐྱོང་རོགས་རེས་ཐུབ་པ་བྱེད་དགོས་པར་ཟེར།

34. ཤུགས་ཡུན་རིང་རྒྱག་པ་དང་རྒྱུན་འཁྱོངས་ལྷོད་མེད་ཅེས་པ་ནི། མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གནད་འགག་ཆེ་ཤོས་ནི་མི་རིགས་མཐུན་སྒྲིལ་ཡག་པོ་བྱ་རྒྱུ་དེ་ཡིན་པ་དང་། ཆེས་གོ་ཆོད་ཤོས་ནི་མི་སེམས་འགུག་རྒྱུ་དེ་ཡིན། ང་ཚོས་མི་རིགས་སོ་སོ་མཐུན་སྒྲིལ་ཆེན་པོ་བྱེད་པའི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཤུགས་ཡུན་རིང་རྒྱག་པ་དང་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འཐབ་ཇུས་རང་བཞིན་དང་རྨང་གཞིའི་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་ལས་དོན་དུ་བརྩིས་ནས་སྒྲུབ་དགོས།

35. རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ནི། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས1988ལོ་ནས་བཟུང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས། སྔ་རྗེས་སུ1988ལོ་དང1994ལོ། 1999ལོ། 2005ལོ། 2009ལོ། 2014ལོ་བཅས་སུ་ ཐེངས6ལ་འཚོགས་པ་རེད། དེའི་ནང1999ལོ་དང2005ལོ། 2014ལོ་བཅས་ཐེངས་གསུམ་ནི་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་མཉམ་དུ་སྐོང་འཚོགས་བྱས་པ་རེད།


མཉམ་སྤྱོད།