མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས26ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

བོད་ཀྱི་གྲངས་གནས་དྲུག་ཅུ་བརྩི་ཚུལ་དང་གྲངས་ཀའི་དག་ཆ་འབྲི་ཚུལ།

2023-04-10 09:09:05   |   2545

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།  བོད་ཡིག་ཆ་འཕྲིན་ལག་རྩལ་དྲ་བ།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


1.jpg

གྲངས་གནས་དྲུག་ཅུ་བརྩི་ཚུལ་ནི།  །གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང༌།  །ས་ཡ་བྱེ་བ་དུང་ཕྱུར་ཏེ།  །རྐྱང་པའི་གྲངས་སུ་ཤེས་པར་བྱ།  །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང༌།  །གཏམས་དཀྲིགས་མི་འཁྲུགས་ཁྱད་འབྱིན་དང༌།  །སྤང་རྟེན་དེད་འདྲེན་མཐའ་སྣང་དང༌།  །རྒྱུ་རིག་འོད་མཛེས་དབང་པོ་དང༌།  །ལེགས་འབྱིན་སྟོགས་འགྲོ་འབྱིང་རྡུལ་དང༌།  །རྒྱ་རྟགས་དང་ནི་སྟོབས་འཁོར་དང༌།  །བརྡ་ཤེས་རྣམ་བྱུང་སྟོབས་མིག་དང༌།  །བྱམས་པ་སྙིང་རྗེ་དགའ་བ་དང༌།  །བཏང་སྙོམས་རྣམས་ཏེ་ཆེན་པོར་བཅས།  །ཁུག་པའི་གྲངས་སུ་ཤེས་པར་བྱ།  །གྲངས་མེད་པ་ནི་ཐ་མའོ།  །ཞེས་གསུངས་སོ།  །དེ་དག་ཁ་བཀྲལ་ན།

1  གཅིག  1  གཅིག

2  བཅུ།  10  བཅུ།

3  བརྒྱ།  100 བརྒྱ་ཐམ་པ།

4  སྟོང་།  1000 ཆིག་སྟོང༌།

5  ཁྲི།   10000  ཆིག་ཁྲི།

6  འབུམ། 100000 ཆིག་འབུམ།

7  ས་ཡ།  1000000 ས་ཡ་གཅིག

8  བྱེ་བ།  10000000 བྱེ་བ་གཅིག

9  དུང་ཕྱུར། 100000000   དུང་ཕྱུར་གཅིག

10 ཐེར་འབུམ། དུང་ཕྱུར 10 ལ་ཐེར་འབུམ་གཅིག

11 ཐེར་འབུམ་ཆེན་པོ།  ཐེར་འབུམ  10ལ་ཐེར་འབུམ་ཆེན་པོ་གཅིག

12 ཁྲག་ཁྲིག ཐེར་འབུམ་ཆེན་པོ 10 ལ་ཁྲག་ཁྲིག་གཅིག

13 ཁྲག་ཁྲིག་ཆེན་པོ། ཁྲག་ཁྲིག 10 ལ་ཁྲག་ཁྲིག་ཆེན་པོ་གཅིག

14 རབ་བཀྲམ།  ཁྲག་ཁྲིག་ཆེན་པོ 10 ལ་རབ་བཀྲམ་གཅིག

15 རབ་བཀྲམ་ཆེན་པོ། རབ་བཀྲམ 10 ལ་རབ་བཀྲམ་ཆེན་པོ་གཅིག

16 གཏམས། རབ་བཀྲམ་ཆེན་པོ 10 ལ་གཏམས་གཅིག

17 གཏམས་ཆེན་པོ། གཏམས 10ལ་གཏམས་ཆེན་པོ་གཅིག

18 དཀྲིགས། གཏམས་ཆེན་པོ 10 ལ་དཀྲིགས་གཅིག

19 དཀྲིགས་ཆེན་པོ། དཀྲིགས 10 ལ་དཀྲིགས་ཆེན་པོ་གཅིག

20 མི་འཁྲུགས།  དཀྲིགས་ཆེན་པོ 10 ལ་མི་འཁྲུགས་གཅིག

21 མི་འཁྲུགས་ཆེན་པོ། མི་འཁྲུགས 10 ལ་མི་འཁྲུགས་ཆེན་པོ་གཅིག

22 ཁྱད་འབྱིན། མི་འཁྲུགས་ཆེན་པོ 10 ལ་ཁྱད་འབྱིན་གཅིག

23 ཁྱད་འབྱིན་ཆེན་པོ། ཁྱད་འབྱིན 10 ལ་ཁྱད་འབྱིན་ཆེན་པོ་གཅིག

24 སྤང་རྟེན། ཁྱད་འབྱིན་ཆེན་པོ 10 ལ་སྤང་རྟེན་གཅིག

25 སྤང་རྟེན་ཆེན་པོ། སྤང་རྟེན 10 ལ་སྤང་རྟེན་ཆེན་པོ་གཅིག

26 དེད་འདྲེན། སྤང་རྟེན་ཆེན་པོ 10 ལ་དེད་འདྲེན་གཅིག

27 དེད་འདྲེན་ཆེན་པོ།  དེད་འདྲེན 10ལ་དེད་འདྲེན་ཆེན་པོ་གཅིག

28 མཐའ་སྣང། དེད་འདྲེན་ཆེན་པོ 10ལ་མཐའ་སྣང་གཅིག

29 མཐའ་སྣང་ཆེན་པོ། མཐའ་སྣང10ལ་མཐའ་སྣང་ཆེན་པོ་གཅིག

30 རྒྱུ་རིག  མཐའ་སྣང་ཆེན་པོ 10 ལ་རྒྱུ་རིག་གཅིག

31 རྒྱུ་རིག་ཆེན་པོ། རྒྱུ་རིག 10 ལ་རྒྱུ་རིག་ཆེན་པོ་གཅིག

32 འོད་མཛེས། རྒྱུ་རིག་ཆེན་པོ 10 ལ་འོད་མཛེས་གཅིག

33 འོད་མཛེས་ཆེན་པོ། འོད་མཛེས 10 ལ་འོད་མཛེས་ཆེན་པོ་གཅིག

34 དབང་པོ། འོད་མཛེས་ཆེན་པོ 10 ལ་དབང་པོ་གཅིག

35 དབང་པོ་ཆེན་པོ། དབང་པོ 10 ལ་དབང་པོ་ཆེན་པོ་གཅིག

36 ལེགས་འབྱིན།  དབང་པོ་ཆེན་པོ 10 ལ་ལེགས་འབྱིན་གཅིག

37 ལེགས་འབྱིན་ཆེན་པོ། ལེགས་འབྱིན 10 ལ་ལེགས་འབྱིན་ཆེན་པོ་གཅིག

38 རྟོགས་འགྲོ།  ལེགས་འབྱིན་ཆེན་པོ 10 ལ་རྟོགས་འགྲོ་གཅིག

39 རྟོགས་འགྲོ་ཆེན་པོ། རྟོགས་འགྲོ 10 ལ་རྟོགས་འགྲོ་ཆེན་པོ་གཅིག

40 འབྱིང་རྡུལ། རྟོགས་འགྲོ་ཆེན་པོ 10 ལ་འབྱིང་རྡུལ་གཅིག

41འབྱིང་རྡུལ་ཆེན་པོ། འབྱིང་རྡུལ 10 ལ་འབྱིང་རྡུལ་ཆེན་པོ་གཅིག

42 རྒྱ་རྟགས།  འབྱིང་རྡུལ་ཆེན་པོ 10 ལ་རྒྱ་རྟགས་གཅིག

43 རྒྱ་རྟགས་ཆེན་པོ། རྒྱ་རྟགས 10 ལ་རྒྱ་རྟགས་ཆེན་པོ་གཅིག

44 སྟོབས་འཁོར། རྒྱ་རྟགས་ཆེན་པོ 10ལ་སྟོབས་འཁོར་གཅིག

45 སྟོབས་འཁོར་ཆེན་པོ། སྟོབས་འཁོར 10 ལ་སྟོབས་འཁོར་ཆེན་པོ་གཅིག

46 བརྡ་ཤེས། སྟོབས་འཁོར་ཆེན་པོ 10 ལ་བརྡ་ཤེས་གཅིག

47 བརྡ་ཤེས་ཆེན་པོ། བརྡ་ཤེས 10 ལ་བརྡ་ཤེས་ཆེན་པོ་གཅིག

48 རྣམ་བྱུང༌། བརྡ་ཤེས་ཆེན་པོ 10 ལ་རྣམ་བྱུང་གཅིག

49 རྣམ་བྱུང་ཆེན་པོ། རྣམ་བྱུང 10 ལ་རྣམ་བྱུང་ཆེན་པོ་གཅིག

50 སྟོབས་མིག  རྣམ་བྱུང་ཆེན་པོ 10 ལ་སྟོབས་མིག་གཅིག

51 སྟོབས་མིག་ཆེན་པོ། སྟོབས་མིག 10 ལ་སྟོབས་མིག་ཆེན་པོ་གཅིག

52 བྱམས་པ། སྟོབས་མིག་ཆེན་པོ 10 ལ་བྱམས་པ་གཅིག

53 བྱམས་པ་ཆེན་པོ། བྱམས་པ 10 ལ་བྱམས་པ་ཆེན་པོ་གཅིག

54 སྙིང་རྗེ། བྱམས་པ་ཆེན་པོ 10 ལ་སྙིང་རྗེ་གཅིག

55 སྙིང་རྗེ་ཆེན་པོ། སྙིང་རྗེ10 ལ་སྙིང་རྗེ་ཆེན་པོ་གཅིག

56 དགའ་བ། སྙིང་རྗེ་ཆེན་པོ 10 ལ་དགའ་བ་གཅིག

57 དགའ་བ་ཆེན་པོ། དགའ་བ 10 ལ་དགའ་བ་ཆེན་པོ་གཅིག

58 བཏང་སྙོམས། དགའ་བ་ཆེན་པོ 10 ལ་བཏང་སྙོམས་གཅིག

59 བཏང་སྙོམས་ཆེན་པོ། བཏང་སྙོམས 10 ལ་བཏང་སྙོམས་ཆེན་པོ་གཅིག

60 གྲངས་མེད། བཏང་སྙོམས་ཆེན་པོ 10 ལ་གྲངས་མེད་གཅིག་བཅས་གྲངས་དང་གྲངས་གནས་བརྩི་ཚུལ་ལོ། །

གྲངས་ཀའི་དག་ཆ་འབྲི་ཚུལ་ལ།  ཉི་ཤུ་ནས་བརྒྱ་བར་ལ་རྗེས་འཇུག་ཡོད་ན།  བཅུ་ཡི་སྔོན་འཇུག་མེད།  དཔེར་ན།  སུམ་ཅུ། དྲུག་ཅུ།  བདུན་ཅུ།  བརྒྱད་ཅུ།  ལྟ་བུ་དང༌།  རྗེས་འཇུག་མེད་ན་བཅུ་ལ་སྔོན་འཇུག་ཡོད་པ།  དཔེར་ན།  བཞི་བཅུ།  ལྔ་བཅུ།  དགུ་བཅུ་བཅས་སོ།  །ལྡབ་གཅིག  ཤད་གཅིག  བརྒྱ་གཅིག  སྟོང་གཅིག  ཁྲི་གཅིག  འབུམ་གཅིག་ལྟ་བུའོ།  །ཆིག་ལྡབ།  ཆིག་ཤད།  ཆིག་བརྒྱ།  ཆིག་སྟོང༌།  ཆིག་ཁྲི།  ཆིག་འབུམ་ལྟ་བུའོ།  །ཉིས་ལྡབ།  ཉིས་ཤད།  ཉིས་བརྒྱ།  ཉིས་སྟོང༌།  ཉིས་ཁྲི།  ཉིས་འབུམ་ལྟ་བུའོ།  །ཉེར་གཅིག་ནས་བརྒྱ་བར་གྱི་གྲངས་ལ་སྔོན་འཇུག་དང་མགོ་ཅན་ནམ་ཡང་མི་འཇུག་པ།  དཔེར་ན།  ཉེར་གཅིག  ཉེར་གཉིས།  ཉེར་གསུམ།  ཉེར་བཞི་ལྟ་བུ་དང༌།  སོ་གཅིག་ནས་སོ་དགུ་བར་དང༌།  ཞེ་གཅིག་ནས་ཞེ་དགུ་བར་དང༌།  ང་གཅིག་ནས་ང་དགུ་བར།  རེ་གཅིག་ནས་རེ་དགུ་བར།  དོན་གཅིག་ནས་དོན་དགུ་བར།  གྱ་གཅིག་ནས་གྱ་དགུ་བར་ལྟ་བུའོ།  །བཅུ་ནས་ཉི་ཤུ་བར་གྱི་གྲངས་དཔེར་ན།  བཅུ་གཅིག  བཅུ་གཉིས།  བཅོ་ལྔ༌།  བཅུ་བདུན།  བཅོ་བརྒྱད།  བཅུ་དགུ་བཅས་ལ་སྔོན་འཇུག་རྣམས་རང་དགར་གཞག་དགོས་སོ།  །

གཅིག་ནས་བརྒྱ་བར་དཀྱུས་སུ་བཀོད་ན་འདི་ལྟར།  གཅིག  གཉིས།  གསུམ།  བཞི།  ལྔ༌།  དྲུག  བདུན།  བརྒྱད།  དགུ།  བཅུ།  བཅུ་གཅིག  བཅུ་གཉིས།  བཅུ་གསུམ།  བཅུ་བཞི།  བཅོ་ལྔ༌།  བཅུ་དྲུག  བཅུ་བདུན།  བཅོ་བརྒྱད།  བཅུ་དགུ།  ཉི་ཤུ།  ཉེར་གཅིག  ཉེར་གཉིས།  ཉེར་གསུམ།  ཉེར་བཞི།  ཉེར་ལྔ༌།  ཉེར་དྲུག  ཉེར་བདུན།  ཉེར་བརྒྱད།  ཉེར་དགུ།  སུམ་ཅུ།  སོ་གཅིག  སོ་གཉིས།  སོ་གསུམ།  སོ་བཞི།  སོ་ལྔ༌།  སོ་དྲུག  སོ་བདུན།  སོ་བརྒྱད།  སོ་དགུ།  བཞི་བཅུ།  ཞེ་གཅིག  ཞེ་གཉིས།  ཞེ་གསུམ།  ཞེ་བཞི།  ཞེ་ལྔ༌།  ཞེ་དྲུག  ཞེ་བདུན།  ཞེ་བརྒྱད།  ཞེ་དགུ།  ལྔ་བཅུ།  ང་གཅིག  ང་གཉིས།  ང་གསུམ།  ང་བཞི།  ང་ལྔ༌།  ང་དྲུག  ང་བདུན།  ང་བརྒྱད།  ང་དགུ།  དྲུག་ཅུ།  རེ་གཅིག  རེ་གཉིས།  རེ་གསུམ།  རེ་བཞི།  རེ་ལྔ༌།  རེ་དྲུག  རེ་བདུན།  རེ་བརྒྱད།  རེ་དགུ།  བདུན་ཅུ།  དོན་གཅིག  དོན་གཉིས།  དོན་གསུམ།  དོན་བཞི།  དོན་ལྔ༌།  དོན་དྲུག  དོན་བདུན།  དོན་བརྒྱད།  དོན་དགུ།  བརྒྱད་ཅུ།  གྱ་གཅིག  གྱ་གཉིས།  གྱ་གསུམ།  གྱ་བཞི།  གྱ་ལྔ༌།  གྱ་དྲུག  གྱ་བདུན།  གྱ་བརྒྱད།  གྱ་དགུ།  དགུ་བཅུ།  གོ་གཅིག  གོ་གཉིས།  གོ་གསུམ།  གོ་བཞི།  གོ་ལྔ༌།  གོ་དྲུག  གོ་བདུན།  གོ་བརྒྱད།  གོ་དགུ།  བརྒྱ་ཐམ་པ་བཅས་སོ།།


མཉམ་སྤྱོད།